གནས་སྤོར་སྡོད་དམངས་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པར་ཕཱ་ནཱ་མཱའི་ནུབ་ཕྱོགས་ཀྱི་ཆི་ལི་ཅི་ཞིང་ཆེན་ནས་གྲོག་རོང་དུ་ལྷུང་སྟེ། ཉུང་མཐར་ཡང་མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད་ཟེར།
ཆི་ལི་ཅི་ཞིང་ཆེན་གྱི་མེ་གསོད་སྡེ་ཁག་གི་འགན་ཁུར་བ་ཨ་མུའུ་ཨེ་ཡེ་སི་ཡིས་བཤད་རྒྱུར། ས་དེའི་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་ཡས་མས་སུ། གནས་སྤོར་སྡོད་དམངས་རེ་དྲུག་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཕཱ་ནཱ་མཱའི་ཤར་ཕྱོགས་ཀྱི་ཏཱ་ལེན་ཞིང་ཆེན་ནས་ནུབ་ཕྱོགས་ཀྱི་ཆི་ལི་ཅི་ཞིང་ཆེན་དུ་བགྲོད་པའི་ལམ་བར་ནས་གྲོག་རོང་དུ་ལྷུང་བ་རེད། ཕཱ་ནཱ་མཱའི་འབྲེལ་ཡོད་སྡེ་ཁག་གིས་མིག་སྔར་ད་རུང་འདས་པོའི་ཐོབ་ཐང་གནས་ཚུལ་གསལ་བོར་བསྒྲགས་མེད།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་དེ་སྟེང་གི་གནས་སྤོར་སྡོད་དམངས་དག་ཏཱ་ལེན་ཞིང་ཆེན་གྱི་གནས་སྤོར་སྡོད་དམངས་བསྡུ་ལེན་ཁང་མང་བོ་ནས་ཡོང་བ་ཡིན་ལ། ཁོ་ཚོའི་དམིགས་སའི་ཡུལ་ནི་ཆི་ལི་ཅི་ཞིང་ཆེན་གྱི་གནས་སྤོར་སྡོད་དམངས་ཀྱི་བསྡུ་ལེན་ཁང་གཞན་པ་ཞིག་ཡིན་པ་རེད།
ཕཱ་ནཱ་མཱའི་ཙུང་ཐུང་ཁི་ཨར་ཏིས་སོ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཕཱ་ནཱ་མཱ་སྲིད་གཞུང་གིས་གང་ནུས་ཀྱིས་རྨས་མར་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ཕཱ་ནཱ་མཱ་ནི་ཁྲིམས་འགལ་གནས་སྤོར་སྡོད་དམངས་མང་བོ་ཨ་མེ་རི་ཁར་བགྲོད་སའི་བརྒྱུད་གནས་ཤིག་ཡིན་ཞིང་། ཕཱ་ནཱ་མཱ་རྒྱལ་ཁབ་གནས་སྤོར་སྡོད་དམངས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་འབུམ་གཉིས་དང་ཁྲི་བཞི་སྟོང་བརྒྱད་ལྷག་ཉིས་སྟོང་ཉེར་གཉིས་ལོར་ཕཱ་ནཱ་མཱ་དང་ཁོ་ལོམ་པུ་ཡཱའི་རྒྱལ་མཚམས་བརྒལ་ཏེ་ཕཱ་ནཱ་མཱ་བརྒྱུད་ནས་ཨ་མེ་རི་ཁར་འགྲོ་རྩིས་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།