ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་བཞི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མེ་སྒོར་དུང་གསུམ་དང་བྱེ་བ་དགུ་ས་ཡ་བདུན་གྱི་ཞལ་འདེབས་ཕུལ་ནས། སི་རི་ཡཱའི་ས་ཡོམ་གནོད་ཐེབས་མང་ཚོགས་ལ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མ་དངུལ་དེ་མ་འོངས་པའི་ཟླ་ངོ་གསུམ་གྱི་ནང་སི་རི་ཡཱའི་གནོད་ཐེབས་མང་ཚོགས་ས་ཡ་ལྔ་ཙམ་ལ་བྲེལ་མྱུར་གྱི་གནས་སྐབས་ཉེན་ཡོལ་བྱེད་ས་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དེ་མིན་ཟས་རིགས་རོགས་སྐྱོར་སོགས་འདོན་སྤྲོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཐུར་ཁེའི་གནོད་ཐེབས་མང་ཚོགས་ལ་ཞལ་འདེབས་འབུལ་བའི་འཆར་གཞི་དེ་ཡང་མཇུག་མཐའི་གྲ་སྒྲིག་གི་དུས་རིམ་དུ་བསླེབས་ཡོད་ཟེར།
ཐུར་ཁེ་དང་སི་རི་ཡཱ་ནས་ས་ཡོམ་བྱུང་བའི་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩ་ཡིས་བསྡོམས་པས་མེ་སྒོར་བྱེ་བ་ལྔ་བཏང་ནས་རྒྱལ་ཁབ་དེ་གཉིས་ཀྱི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དུ་བཅུག ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་རང་ནུས་ཅི་ཡོད་བཏོན་ཡོད་ཀྱང་། མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཆེན་པོ་དེ་གཏན་ནས་བསྐང་ཐུབ་མེད། ས་ཡོན་བྱུང་ནས་གཟའ་འཁོར་གཅིག་ལྷག་འགོར་བའི་རིང་ལ། སི་རི་ཡཱ་རུ་མི་ས་ཡ་འགའ་ཡིས་འཚོ་སྡོད་ཀྱི་ཆེད་དུ་འབད་འབུངས་བྱེད་ཅིང་། འགྲོ་སའི་ཁྱིམ་མེད་པ་དང་ནམ་ཟླ་འཁྱག་གྲང་ཆེ་བ་སོགས་ཀྱི་གནད་དོན་ལ་འཕྲད་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ཞལ་འདེབས་འབུལ་བའི་རྒྱལ་ཁབ་གཞན་པས་མྱུར་དུ་འགུལ་སྐྱོད་སྤེལ་ནས། མཁོ་གལ་ཆེ་བའི་མ་དངུལ་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་རོགས་སྐྱོར་ཆོག་མཆན་དང་མ་དངུལ་གཅིག་བསྡུས། དངོས་རྫས་མཁོ་འདོན་སོགས་ཀྱི་ཐད་མིས་བཟོས་པའི་བཀག་རྒྱ་ཐེབས་སུ་འཇུག་མི་རུང་བ་དང་། རང་བྱུང་གི་གནོད་འཚེ་ཆེན་མོ་དེས་མི་རྣམས་ལ་བཟོས་པའི་དཀའ་སྡུག་ཚབས་ཇེ་ཆེར་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཚེས་དྲུག་ཉིན་ས་ཡོམ་དྲག་པོ་བྱུང་སྟེ། ཐུར་ཁེ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཚེས་བཅུ་བཞི་ཉིན་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། སི་རི་ཡཱའི་མང་ཚོགས་ས་ཡ་བརྒྱད་དང་འབུམ་བརྒྱད་ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ནུབ་བྱང་ས་ཁུལ་དུ་གཏོར་བརླག་ཐེབས་པའི་ཚད་ལྷག་ཏུ་ཚབས་ཆེན་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།