སུའུ་ཀི་ལན་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་སི་ཐི་ཅིན་གྱིས་ལས་འཁྱུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། 
2023.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན། དབྱིན་ཇིའི་སུའུ་ཀི་ལན་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་སི་ཐི་ཅིན་ཨེ་ཏེན་པའོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

དབྱིན་ཇིའི་སུའུ་ཀི་ལན་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་སི་ཐི་ཅིན་གྱིས་ཚེས་བཅོ་ལྔ་ཉིན་ས་གནས་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་དང་སུའུ་ཀི་ལན་མི་རིགས་ཏང་གི་ཏང་གཙོའི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས་ཀྱང་། མགོ་ཁྲིད་པ་གསར་བ་བདམས་ཐོན་འབྱུང་རག་བར་ལས་འགན་ཁུར་དགོས་ཡོད། 

སི་ཐི་ཅིན་གྱིས་ཉིན་དེར་སུའུ་ཀི་ལན་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཏེན་པའོ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལས་འཁྱུར་དགོངས་ཞུའི་ཆོད་དོན་དེ་ནི་ཁོ་མོས་དུ་ཡུན་རིང་བོར་བསམ་བློ་བཏང་རྗེས་བཏོན་པ་ཡིན་ལ། དུས་ཡུན་ཐུང་ངུའི་གནོན་ཤུགས་དང་འབྲེལ་བ་ཅི་ཡང་མེད་ཟེར། ཁོ་མོས་མུ་མཐུད་དུ་སུའུ་ཀི་ལན་ས་གནས་གྲོས་ཁང་གི་གྲོས་མིའི་འགན་ཁུར་རྒྱུ་རེད། 

སི་ཐི་ཅིན་གྱིས་བཤད་རྒྱུར། སུའུ་ཀི་ལན་མི་རིགས་ཏང་གིས་མ་འོངས་པའི་ཉིན་འགའི་ནང་ཏང་གཙོ་གསར་བ་འདེམ་པའི་ལས་རིམ་དང་དུས་ཚོད་རེའུ་མིག་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་དང་། ཁོ་མོས་རང་ཉིད་ཀྱི་རྒྱུན་འཛིན་པས་སུའུ་ཀི་ལན་དབྱིན་ཇི་དང་འབྲལ་བའི་དོན་ལ་སྐུལ་འདེད་གཏོང་སྲིད་པར་ཡིད་ཆེས་ཡོད་ཟེར། 

སི་ཐི་ཅིན་ནི་ཉིས་སྟོང་བཅུ་བཞི་ལོར་སུའུ་ཀི་ལན་ས་གནས་སྲིད་གཞུང་གི་བུད་མེད་ཀྱི་དབུ་བཞུགས་བློན་ཆེན་ཐོག་མར་གྱུར་བ་རེད། ན་ནིང་ཟླ་དྲུག་པར། ཁོ་མོས་སུའུ་ཀི་ལན་ས་གནས་སྲིད་གཞུང་གིས་ཉིས་སྟོང་ཉེར་གསུམ་ལོར་རང་བཙན་ལ་སྤྱི་བས་བརྡས་ཐག་གཅོད་པའི་བྱ་འགུལ་ཐེངས་གཉིས་པ་སྤེལ་རྒྱུ་ཁྱབ་བསྒྲགས་བྱས། ཁོ་མོས་དེའི་རྗེས་སུ་སྐབས་དེའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་ལ་འཕྲིན་ཡིག་བསྐུར་ནས་འབྲེལ་ཡོད་ཆོག་མཆན་སྟེར་བའི་རེ་བ་བཏོན་ཡང་ཁས་ལེན་མ་ཐོབ། སུའུ་ཀི་ལན་ཕྱོགས་ཀྱིས་དེའི་རྗེས་སུ་དབྱིན་ཇིའི་ཆེས་མཐོའི་ཁྲིམས་ཁང་གིས་དབྱིན་ཇིའི་སྲིད་གཞུང་གི་དབང་ཆ་མ་ཐོབ་པར་རང་བཙན་ལ་སྤྱི་བས་བརྡས་ཐག་གཅོད་པ་ཁྲིམས་མཐུན་ཡིན་མིན་ཐད་བསམ་འཆར་འདོན་དགོས་པའི་རེ་བ་བཏོན། ཆེས་མཐོའི་ཁྲིམས་ཁང་གིས་ན་ནིང་ཟླ་བཅུ་གཅིག་པར་ཆོད་དོན་སྤེལ་ཏེ། དབྱིན་ཇིའི་སྲིད་གཞུང་གི་དབང་ཆ་མ་ཐོབ་པར་སུའུ་ཀི་ལན་དབྱིན་ཇི་དང་འབྲལ་བའི་གནད་དོན་ལ་སྤྱི་བས་བརྡས་ཐག་གཅོད་མི་རུང་བའི་ཚུལ་བསྟན། སི་ཐི་ཅིན་གྱིས་སྐབས་ཐོག་དེར་ཆོད་དོན་དེར་ཡིད་ཆད་པའི་ཚུལ་བསྟན། 


བསོད་ནམས་ཚེ་རིང་གིས་བསྒྱུར།