ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་ལྔ་ཉིན་སྐོར་ཐེངས་བཅུ་བའི་ཨུ་རུ་སིར་དམིགས་པའི་བཀག་སྡོམ་བྱེད་ཐབས་ཀྱི་གྲོས་གཞི་བཏོན་ཏེ། ཨུ་རུ་སི་ལ་སྔོན་ཐོན་གྱི་དམག་དམངས་གཉིས་སྤྱོད་ཀྱི་ལག་རྩལ་དང་ཐོན་རྫས་ཐོབ་པར་སྔོན་འགོག་བྱེད་རྒྱུ་མ་རེད། ཨུ་རུ་སིར་མི་བསྡད་མེད་པའི་གནམ་གྲུ་འདོན་སྤྲོད་བྱེད་པའི་དབྱི་ལིང་གི་དངོས་ཚོགས་ལ་བཀག་སྡོམ་བྱེད་རྒྱུ་རེད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་བརྙན་རིས་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། བཀག་སྡོམ་བྱེད་ཐབས་གསར་བ་ལས་རིན་ཐང་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་ལས་བརྒལ་བའི་ཨུ་རུ་སིའི་ཕྱིར་གཏོང་བཀག་རྒྱ་ལག་བསྟར་བྱས་ཏེ། ཨུ་རུ་སིར་གནད་འགག་གི་ལག་རྩལ་དང་བཟོ་ལས་ཐོན་རྫས་ཐོབ་པར་སྔོན་འགོག་བྱེད་རྒྱུ་རེད། དེའི་ནང་གློག་རྡུལ་སྒྲིག་ཆས་དང་ཆེད་སྤྱོད་རླངས་འཁོར། འཕྲུལ་ཆས་ཀྱི་ལྷུ་ལག དངོས་སྐྱེལ་རླངས་འཁོར། དབུགས་གཏོར་ཅན་གྱི་སྒུལ་འཁོར་སྒྲིག་ཆས་སོགས་འདུས། གནམ་སྐུད་དང་ལྗིད་འདེགས་འཕྲུལ་ཆས་སོགས་ཨུ་རུ་སིའི་དམག་ཕྱོགས་ཀྱི་བཟོ་སྐྲུན་ལས་རིགས་ལ་ཐད་ཀར་འདོན་སྤྲོད་བྱས་ཆོག་པའི་ཚོང་རྫས་ཀྱང་བཀག་སྡོམ་བྱེད་སའི་གྲས་སུ་བཞག་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་བྱེད་ཐབས་གསར་བ་ལས་དམག་དམངས་གཉིས་སྤྱོད་ཀྱི་ཐོན་རྫས་དང་མཐོ་གསར་ཚན་རྩལ་ཐོན་རྫས་སོགས་ཨུ་རུ་སི་རུ་ཕྱིར་གཏོང་བྱེད་པར་བཀག་སྡོམ་བྱས་ཡོད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨུ་རུ་སིའི་མཚོན་ཆའི་མ་ལག་ཏུ་བཀོལ་ཆོག་པའི་རྣམ་པ་གསར་བའི་གློག་རྡུལ་འཕྲུལ་ཆས་དང་དམིགས་བསལ་གྱི་རྒྱུ་ཆ། དྲོད་གཟུགས་འགྲུབ་བྱེད་ཀྱི་དཔྱད་ཆས་སོགས་ཐོན་རྫས་རིགས་སྣ་ཞེ་བདུན་ལྷག་ཕྱིར་གཏོང་བྱེད་པར་བཀག་འགོག་བྱས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ནམ་རྒྱུན་ཨུ་རུ་སིར་མི་བསྡད་མེད་པའི་གནམ་གྲུ་འདོན་སྤྲོད་བྱེད་བཞིན་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་དངོས་ཚོགས་བདུན་བཀག་སྡོམ་གྱི་གསལ་ཁྲའི་ནང་ཁ་སྣོན་བྱས་ཡོད་པ་རེད། དེ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐོག་དང་པོར་རྒྱལ་ཁབ་གཞན་པའི་དངོས་ཚོགས་དེ་ཨུ་རུ་སིའི་དམག་དམངས་གཉིས་སྤྱོད་ཀྱི་ཐོན་རྫས་ཀྱི་བཀག་སྡོམ་གསལ་ཁྲའི་ནང་བཞག་པ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་དུས་ངེས་མེད་དུ་ཨུ་རུ་སིར་ལག་རྩལ་གཙོ་བོ་འདོན་སྤྲོད་བྱེད་པའི་དབྱི་ལིང་དང་རྒྱལ་ཁབ་གཞན་པའི་དངོས་ཚོགས་བཀག་སྡོམ་གྲས་སུ་འཇོག་རྩིས་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་དེར་ཁོངས་གཏོགས་རྒྱལ་ཁབ་དག་གཅིག་གྱུར་ཡིད་འཐད་བྱུང་རྗེས་ད་གཟོད་ནུས་ལྡན་དུ་འགྱུར་སྲིད། ཧྥུན་ཏི་ལའེ་ཨིན་གྱིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་མྱུར་མོར་བཀག་སྡོམ་བྱེད་ཐབས་གསར་བར་ཆོག་མཆན་བཀོད་ནས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཉམ་ལས་གྲོགས་པོ་དང་མཉམ་དུ། ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་ནས་ལོ་གཅིག་འགོར་ལ་ཉེ་བའི་སྐབས་སུ་ཨུ་རུ་སིའི་སྐོར་ཐེངས་བཅུ་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།