ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ཞེ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས་པ་དང་། གྲོས་ཚོགས་ནས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཀྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཉིས་སྟོང་རེ་གསུམ་ལོའི་གྲོས་རིམ་གྱི་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་ལོ་བཅུ་དང་པོའི་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་ལྟར་ན། ཨ་ཧྥེ་རི་ཁ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་དང་དཔལ་འབྱོར་འཕར་སྣོན་མངོན་འགྱུར་འབྱུང་བའི་ཐད་ནས་གོང་འཕེལ་ཆེན་པོ་བྱུང་ཡོད་ཀྱང་། ད་རུང་ལམ་ཐག་རིང་བོ་བརྒྱུད་དགོས་ཟེར། ཁོས་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཚབ་མ་ཕའེ་ཏི་ལོ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱིས་ཨ་ཧྥེ་རི་ཁ་གླིང་སྐམ་སའི་ཉོ་ཚོང་འཕར་སྣོན་ལ་སྐུལ་འདེད་བཏང་སྟེ། མཁོ་འདོན་མུ་འབྲེལ་དེ་རང་ས་དང་སྔར་ལས་ཉེ་བར་བྱས་ཡོད་ལ། སྨན་རྫས་དང་ཟས་རིགས། ལུད་རྫས་སོགས་གཞི་རྩའི་ཐོན་རྫས་དག་ལ་ཚད་ངེས་ཅན་གྱི་སྟེང་ནས་རང་ཁ་རང་གསོ་ཐུབ་པ་མངོན་འགྱུར་བྱེད་རྒྱུ་ཡིན། དེའི་ཞོར་དུ་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་གྲོས་ཆོད་ལས་བུད་མེད་དང་ན་གཞོན་དག་ལ་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱས་ཡོད་པ་དང་། འདྲ་མཉམ་མིན་པ་དང་དབུལ་ཕོངས་སྣང་ཚུལ་སེལ་བར་ཕན་ཐོགས་ཡོད་པར་མ་ཟད་སྤྱི་ཚོགས་ཀྱི་བཟོད་སྒོམ་རང་བཞིན་ཇེ་མཐོར་གཏོང་ཐུབ་ཟེར།
ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོི་གྲོས་ཚོགས་དེ་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་སྤེལ་རྒྱུ་རེད། ཐེངས་འདིའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་གྲོས་ཚོགས་རབ་དང་རིམ་པའི་བརྗོད་སྙིང་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་གྲོས་ཆོད་ལོ་སྟེ། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་བྱེད་ཐབས་མྱུར་དུ་ལག་བསྟར་བྱེད་དགོས་ཞེས་པ་དེ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།