ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། ཟླ་འདིའི་ཟླ་མགོར་ཨ་མེ་རི་ཁའི་ཨིག་ཧི་ཨིག་མངའ་སྡེ་ནས་དོན་རྐྱེན་བྱུང་བའི་དངོས་སྐྱེལ་མེ་འཁོར་དེར་ཐོག་དང་པོར་ཆག་སྐྱོན་བྱུང་བ་མ་ཡིན་ཟེར། བསྒྲགས་པ་ལྟར་ན། དུག་ལྡན་རྫས་འགྱུར་ཐོན་རྫས་དྲུད་པའི་མེ་འཁོར་དེ་ཟླ་གཉིས་པའི་ཚེས་གཅིག་ཉིན་དབྱེ་ལེ་ནོའུ་དབྱེ་མངའ་སྡེ་ནས་ལམ་དུ་ཆས་རྗེས། ལམ་བར་དུ་ཉུང་མཐར་ཡང་ཆག་སྐྱོན་ཚབས་ཆེན་ཐེངས་གཅིག་བྱུང་མྱོང་བ་དང་། དེའི་རྗེས་སུ་མེ་འཁོར་དེ་ཚེས་གསུམ་ཉིན་ཨིག་ཧི་ཨིག་མངའ་སྡེའི་ཕཱ་ལེ་སི་ཐན་ཤར་མ་ནས་འཁོར་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་བ་རེད་ཟེར།
གསར་འགོད་པས་ཕཱ་ལེ་སི་ཐན་ཤར་མར་བཅར་འདྲི་བྱེད་སྐབས་རྒྱུས་ལོན་བྱུང་བ་ལྟར་ན། དུག་ལྡན་རྫས་དེ་རྒྱ་ཡན་དུ་འགྲོ་བར་སེམས་ཁུར་བྱེད་པའི་དབང་གིས་སྲང་ལམ་དུ་མི་མང་བོ་མཐོང་རྒྱུ་མེད་པ་དང་། སྡོད་དམངས་མང་ཆེ་བ་རང་ཁྱིམ་དུ་བསྡད་ཡོད་ཟེར།
ཨིག་ཧི་ཨིག་མངའ་སྡེའི་སྤྱི་མཐུན་ཏང་གི་གྲོས་ཞུགས་གྲོས་མི་ཞིག་གིས་ཚེས་བཅུ་དྲུག་ཉིན་ཁོས་ཕཱ་ལེ་སི་ཐན་ཤར་མ་ནས་ཕབ་ལེན་བྱས་པའི་བརྙན་རིས་ཁྱབ་བསྒྲགས་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།