འདི་ནི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཨེ་ཙེ་ཨོ་ཕི་ཡཱའི་ཡཱ་ཏི་སི་ཡཱ་པེ་པཱ་ནས་པར་བླངས་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སོ་དྲུག་པའི་ཡུལ་དངོས་རྣམ་པ་རེད།
ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཨེ་ཙེ་ཨོ་ཕི་ཡཱའི་ཡཱ་ཏི་སི་ཡཱ་པེ་པཱ་ནས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སོ་དྲུག་པའི་སྟེང་གཏམ་བཤད་སྤེལ།
ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཨེ་ཙེ་ཨོ་ཕི་ཡཱའི་ཡཱ་ཏི་སི་ཡཱ་པེ་པཱ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སོ་དྲུག་པའི་སྟེང་གཏམ་བཤད་སྤེལ།
ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སོ་དྲུག་པ་ཚེས་བཅོ་བརྒྱད་ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་འཛུགས་སྐྲུན་གོམ་སྟོབས་ཇེ་མགྱོགས་སུ་གཏོང་བ་དང་། རིམས་ནད་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ཉམས་ཉེན་འོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འགན་སྲུང་བྱེད་པ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་སྤྱིའི་ཕྱོགས་མང་ལས་ཁུངས་ཁྲོད་ཀྱི་འཐུབ་ཚབ་རང་བཞིན་ཇེ་དྲག་ཏུ་གཏོང་བ་བཅས་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་གྱུར་ཡོད།
ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། སྐབས་འདིའི་གྲོས་ཚོགས་ནི་འཛམ་གླིང་ཡོངས་ཀྱི་ས་ཁུལ་བར་གྱི་ཆབ་སྲིད་འཁྲུག་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བ་དང་། དཔལ་འབྱོར་བཅོས་སྐྱོང་རྣམ་པར་ཆགས་འཇིག་ཆེན་པོ་འབྱུང་བ་སོགས་ངེས་གཏན་མེད་པའི་སྣང་ཚུལ་གྱིས་ཁེངས་པའི་གནས་ཚུལ་འོག་དུ་སྤེལ་བ་ཡིན་ཡང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་བྱས་ནས་འགྲན་རྩོད་ཐག་གཅོད་བྱེད་པའི་ཆོད་སེམས་བསྟན་ཡོད་ཟེར།
ཧྥ་ཅི་ཡིས་ཨ་ཧྥེ་རི་ཁ་གླིང་གི་མགོ་ཁྲིད་པ་དག་གིས་ཨ་ཧྥེ་རི་ཁ་གླིང་གིས་མངོན་འགྱུར་བྱེད་པའི་དམིགས་འབེན་གཙོ་བོར་ཆེད་དུ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་ནང་མེ་མདའ་མེད་པར་གཏོང་བ་དང་། ཨ་ཧྥེ་རི་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཨ་ཧྥེ་རི་ཁ་གླིང་གི་གཞི་གཅིག་ཅན་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཉིས་སྟོང་རེ་གསུམ་ལོའི་གྲོས་རིམ་ལ་སྐུལ་འདེད་གཏོང་བ་སོགས་འདུས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་མིག་སྔར་འགྲན་རྩོད་ཆེན་པོར་འཕྲད་ཡོད་ཅིང་། བྱེད་ནུས་ཉམས་པ་དང་འདྲ་མཉམ་མིན་པའི་འཛམ་གླིང་ཡོངས་ཀྱི་དངུལ་ལོར་མ་ལག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་དཀའ་ཁག་ལ་འཕྲད་པར་བྱས་ཡོད་པ་དང་། ནམ་ཟླའི་ཉམས་ཉེན་ལས་ཨ་ཧྥེ་རི་ཁ་གླིང་གི་ས་ཁུལ་མང་བོར་ཆུ་ལོག་དང་ཐན་སྐྱོན་ཚབས་ཆེན་བྱུང་ནས། མི་ས་ཡ་མང་བོ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ལ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་མི་ཤུགས་ཐོན་ཁུངས་ཡོད་པས། ངེས་པར་དུ་ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་དང་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་སྦས་ཤུགས་དང་ལས་ཞུགས་གོ་སྐབས་གསར་བསྐྲུན་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།
ཐེངས་འདིའི་མཐོ་རིམ་གྲོས་ཚོགས་སྟེང་། ཁི་མའོ་ལོ་ཡི་ཙུང་ཐུང་ཨ་ཀྲ་ལེ་ཡིས་སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ཡི་ཚབ་ཏུ། འགན་ཡུན་ལོ་གཅིག་ཡིན་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར། ཨ་ཀྲ་ལེ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་ངེས་པར་དུ་ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་ཐད་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།
སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། བརྗོད་སྙིང་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་གྲོས་ཆོད་ལོ་སྟེ། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་ལག་བསྟར་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་པ་དེ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།