མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་ནས་རྒྱལ་ཁབ་བཅུ་དགུའི་ཉམ་ཞན་མི་ཚོགས་ཀྱི་ལྟོགས་སྡུག་སེལ་བ་སོགས་ཉམས་ཉེན་མང་བོ་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2023.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩའི་ཁྲོད་ནས་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་སྟེ། རྒྱལ་ཁབ་བཅུ་དགུའི་ཉམ་ཞན་མི་ཚོགས་ཀྱི་ལྟོགས་སྡུག་སེལ་བ་སོགས་ཉམས་ཉེན་མང་བོ་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ནས་ཉིན་དེར་སྤེལ་བའི་གསར་འགྱུར་མ་ཡིག་ལས་བཤད་རྒྱུར། དུས་ཡུན་རིང་བོར་གནས་པའི་འཕེལ་རྒྱས་གནད་དོན་དེ་ནམ་ཟླའི་འགྱུར་ལྡོག་དང་དཔལ་འབྱོར་གྱི་གནོད་རྐྱེན། དྲག་ཤུགས་འཁྲུག་རྩོད་སོགས་དང་གཅིག་ཏུ་འབྲེལ་ནས། མི་ཆོས་རིང་ལུགས་ཀྱི་གནོད་འཚེའི་རླུང་འཚུབ་ཅིག་ཏུ་འགྱུར་བཞིན་ཡོད། མིག་སྔར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་དགུར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་གལ་ཆེ་བ་དང་། ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་ལྔའི་ཇེ་མང་དུ་སོང་ཡོད་ཟེར། 

གསར་འགྱུར་མ་ཡིག་ལས་བཤད་རྒྱུར། ཐེངས་འདིར་གཏོང་བའི་མ་དངུལ་དེ་ཨ་ཧྥུའུ་ཧན་དང་པུ་ཁི་ནཱ་ཧྥ་སོ། ཧེ་ཐི། མཱ་ལི། ནེ་ཀྲི་རི་ཡཱ། སོ་མཱ་ལི། སུའུ་ཏན་ལྷོ་མ། ཡེ་མིན་བཅས་རྒྱལ་ཁབ་བརྒྱད་ཀྱི་ལྟོགས་སྐོམ་གྱི་ཉེན་ཁར་གནས་བཞིན་པའི་མང་ཚོགས་བྱེ་བ་གཉིས་ལྷག་ལ་རོགས་རམ་བྱེད་པ་དང་། ཀྲ་ཏི་དང་ཁོ་ལོམ་པུ་ཡཱ། ཁོང་གོ་ཅིན། ཨིག་ལི་ཐི་ལི་ཡཱ། ཨེ་ཙེ་ཨོ་ཕི་ཡཱ། ཧུང་ཏི་ར་སི། ཁུན་ནེ་ཡཱ། ལེ་པཱ་ནུན། མཱ་ཏཱ་ཀ་སི་ཁཱ། ཕཱ་ཁི་སི་ཐན། སུའུ་ཏན་བཅས་ཀྱིས་མི་ཆོས་རིང་ལུགས་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཏེ། འབྲུ་རིགས་བདེ་འཇགས་མིན་པའི་གནད་དོན་དང་། ནམ་ཟླའི་འགྱུར་ལྡོག་གནད་དོན་སོགས་དུས་ཡུན་རིང་བོའི་ཉམས་ཉེན་གྱི་ཤུགས་རྐྱེན་ཐག་གཅོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཀི་ལི་ཧྥེ་སི་ཡིས་བསྟན་དོན། མ་དངུལ་དེ་དག་གིས་སྔ་མོ་ནས་འགུལ་སྐྱོད་སྤེལ་བར་ཕན་ཐོགས་ཡོད་ལ། དེའི་ནང་ལྟོགས་སྡུག་དང་བཅས་པའི་ཉམས་ཉེན་མ་གྲུབ་གོང་འགུལ་སྐྱོད་སྤེལ་བ་སོགས་འདུས་ཡོད་ཟེར། 

གསར་འགྱུར་མ་ཡིག་ལས་བཤད་རྒྱུར། ཉིས་སྟོང་ཉེར་གཉིས་ལོའི་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཉམ་ལས་གྲོགས་པོས་མི་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལ་རོགས་སྐྱོར་བྱས་ཡོད་ཀྱང་། མི་ཆོས་རིང་ལུགས་ཀྱི་དགོས་མཁོ་འཕར་བའི་མྱུར་ཚད་དེ་ཐག་གཅོད་ནུས་པ་ལས་རིང་དུ་བརྒལ་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞལ་འདེབས་འབུལ་མཁན་གྱིས་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩར་ཞལ་འདེབས་ཕུལ་ནས་སྔར་ལས་མང་བའི་དགོས་མཁོ་ཅན་དག་ལ་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 


བསོད་ནམས་ཚེ་རིང་གིས་བསྒྱུར།