སི་རི་ཡཱའི་དབུས་ཕྱོགས་ཀྱི་གྲོང་རྡལ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་སེར་དཀྱུས་མ་ང་གསུམ་རྐྱེན་ལམ་དུ་ཤོར། 
2023.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སི་རི་ཡཱའི་དཔོན་ཕྱོགས་སྨྱན་བྱད་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་ཞིང་ཆེན་གྱི་སོ་ཧི་ནཱ་གྲོང་རྡལ་དུ་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་ང་གསུམ་རྐྱེན་ལམ་དུ་ཤོར་ཟེར། 

སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཀྱི་དྲག་ཆས་ཉེས་ཅན་པ་སྐོར་ཞིག་གིས་ཉིན་དེར་སོ་ཧི་ནཱ་གྲོང་རྡལ་ལྷོ་ནུབ་ཕྱོགས་ས་ཁུལ་ནས་བྱེ་ཐང་གི་ཤ་མོ་འཐུ་བཞིན་པའི་མི་སེར་དཀྱུས་མར་འཇབ་རྒོལ་བྱས་ཏེ། མི་ང་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་ཡོད། སི་རི་ཡཱའི་སྨན་ཁང་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། འདས་པོ་ཚང་མ་མེ་མདས་བསད་པ་རེད་ཟེར། 

ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡཱའི་ཆེས་མཇུག་མཐའི་སྡོད་གནས་གཙོ་བོ་དང་། སི་རི་ཡཱའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་པཱ་ཀུའུ་ཙི་གྲོང་རྡལ་ཤོར་ཡོད་ཀྱང་། དེའི་སྟོབས་ཤུགས་ལྷག་འཕྲོ་སྔར་བཞིན་བྱེ་ཐང་ས་ཁུལ་དུ་སྦས་སྐོང་བྱས་ནས་དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།