ཐུར་ཁེའི་དཔོན་རིགས་ཀྱིས་ས་ཡོམ་ལས་ཐུར་ཁེ་ནས་མི་ཁྲི་བཞི་ལྷག་རྐྱེན་ལམ་དུ་ཤོར་ཡོད་པའི་ཚུལ་བསྟན། 
2023.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཐུར་ཁེའི་གནོད་འཚེ་དང་འཕྲལ་བསྟུན་དོ་དམ་ཁང་གི་མགོ་བ་སེ་ཙེ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་བཤད་རྒྱུར། ཚེས་དྲུག་ཉིན་ཐུར་ཁེའི་ལྷོ་ཕྱོགས་ས་ཁུལ་དུ་བྱུང་བའི་ས་ཡོམ་དྲག་པོ་ནས་མི་ཁྲི་བཞི་དང་དྲུག་བརྒྱ་ཞེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། རྒུད་སྐྱོབ་བྱ་བ་ཉིན་དེའི་དགོང་མོར་ཕལ་ཆེར་མཇུག་སྒྲིལ་ཡོད་ཟེར། 

སེ་ཙེ་ཨར་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ལྷོ་ཕྱོགས་ཀྱི་ཧཱ་ཐཱ་དབྱེ་ཞིང་ཆེན་ནི་ཐེངས་འདིའི་ས་ཡོམ་ཁྲོད་མི་རྐྱེན་ལམ་དུ་ཤོར་བ་ཆེས་མང་བའི་ཞིང་ཆེན་ཞིག་ཡིན་ཞིང་། མིག་སྔར་རྒུད་སྐྱོབ་བྱ་བ་དེ་གཙོ་བོ་ཞིང་ཆེན་དེར་གཅིག་འདུས་བྱས་ཡོད། གནོད་འཚེ་དང་འཕྲལ་བསྟུན་དོ་དམ་ཁང་གིས་མངག་གཏོང་བྱས་པའི་རྒུད་སྐྱོབ་མི་སྣ་ཁྲི་གཅིག་དང་སྟོང་གསུམ་ཙམ་གྱིས་སྔར་བཞིན་དུས་ཚོད་དམ་འཛིན་བྱས་ནས་ཉེན་ཁའི་མང་ཚོགས་སྔོག་བཤེར་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ད་ལྟའི་བར་གནོད་ཐེབས་ས་ཁུལ་དུ་བསྡོམས་པས་མི་འབུམ་བཞི་དང་ཁྲི་གསུམ་བདེ་འཇགས་ཡིན་པའི་ཞིང་ཆེན་གཞན་པར་བསྐྱལ་ཡོད་ཟེར། 

ཐུར་ཁེའི་ཁྲིམས་འཛིན་པུའུ་ཀྲང་པའོ་ཙི་ཏཱ་ཡིས་ཚེས་བཅོ་བརྒྱད་ཉིན་སྨྱན་བྱད་ལ་བཤད་རྒྱུར། མིག་སྔའི་བར་དུ་བསྡོམས་པས་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་རྒྱུ་སྤུས་ཞན་པའི་བཟོ་བཀོད་ལ་ཐད་ཀར་འགན་ཁུར་བའི་འགན་གཙང་ལེན་གྱི་ཚོང་བ་དང་བཟོ་སྐྲུན་པ་ཉིས་བརྒྱ་དང་ཞེ་ལྔ་ཞུ་གཏུག་བྱས་ཡོད་པ་དང་། གཞན་ཡང་དོགས་ཡོད་མི་སྣ་རེ་ལྔ་འཛིན་བཟུང་བྱས་ནས་འདྲི་གཅོད་བྱེད་པར་སྒུག་ཡོད་ཟེར། 

ཐུར་ཁེའི་སྲིད་གཞུང་གིས་སྤེལ་བའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། ས་ཡོམ་གནོད་ཐེབས་ས་ཁུལ་དུ་ཁང་བ་ཁྲི་བརྒྱད་དང་སྟོང་བཞི་ལྷག་ལ་རྡིབས་སྐྱོན་བྱུང་བའམ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པས་མྱུར་མོར་བཤིག་དགོས་ཡོད་ཟེར། དེའི་དབང་གིས་ཁང་བའི་རྒྱུ་སྤུས་ལ་ལས་རིགས་སོ་སོས་དོགས་པ་ཟ་བཞིན་ཡོད་པ་རེད། 

དེ་ལས་གཞན། ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒུད་སྐྱོབ་མི་སྣས་ཚེས་བཅོ་བརྒྱད་ཉིན་ཧཱ་ཐཱ་དབྱེ་ཞིང་ཆེན་གྱི་ཨན་ཐཱ་ཅི་ཡཱ་གྲོང་ཁྱེར་ནས་སྲོག་ཉེན་ལས་ཐར་བའི་མི་གསུམ་བསྐྱབས་པ་དང་། དེའི་ནང་བྱིས་པ་གཅིག་དུས་ཚོད་ཉིས་བརྒྱ་དང་གོ་དྲུག་འགོར་རྗེས་ཁོ་ཚོས་སྐྱབས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།