ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་གྱི་མགྲིན་ཚབ་པ་ཝ་ཧཱ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁཱ་ལཱ་ཆི་ཡི་ཉེན་རྟོག་ཅུའུ་ཞིག་ལ་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་འཇབ་རྒོལ་ཐེབས་ནས། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དགུར་རྨས་ཕོག གཞན་ཡང་འཇིགས་སྐུལ་ཉེས་ཅན་གསུམ་བསད་ཟེར། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས།
ཝ་ཧཱ་པུའུ་ཡིས་སྨྱན་བྱད་ལ་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཁཱ་ལཱ་ཆིའི་ཉེན་རྟོག་ཅུའུ་ཀྲང་གི་གཞུང་སྒྲུབ་ཁང་ཡོད་སའི་ཐོག་ཁང་ནས་བྱུང་བ་དང་། འདས་པོ་བཞིའི་གྲས་སུ་བདེ་འཇགས་མི་སྣ་གསུམ་དང་མི་སེར་དཀྱུས་མ་གཅིག་འདུས། རྨས་མ་གཅིག་གི་གནས་ཚུལ་ཚབས་ཆེན་ཡིན་པ་ལས་གཞན། དེའི་འཕྲོའི་རྨས་མ་དག་གི་གནས་ཚུལ་གཏན་འཇགས་རེད་ཟེར།
ཁཱ་ལཱ་ཆིའི་ལྷོ་ཁུལ་གྱི་སྤྱིའི་ཉེན་རྟོག་ལྟ་ཞིབ་པ་གཞོན་པ་པུས་ལུའུ་ཀྲི་ཡིས་སྨྱན་བྱད་ལ་བཤད་རྒྱུར། ཚེས་བཅུ་བདུན་ཉིན་གྱི་དགོང་མོར་འཇིགས་སྐུལ་ཉེས་ཅན་དག་སྒོ་ཆེན་ནས་ཐོག་ཁང་དུ་ཡོང་སྟེ། ལག་འབོམ་སོགས་མཚོན་ཆ་བཀོལ་བར་མ་ཟད་མི་གཏའ་བཙན་ཁྲིད་བྱས། བདེ་འཇགས་མི་སྣ་དང་འཇིགས་སྐུལ་ཉེས་ཅན་གྱིས་འཁྲུག་རྩོད་བྱས་ནས་མི་གཏའ་བསྐྱབས་པ་རེད་ཟེར།
ཁཱ་ལཱ་ཆིའི་ཉེན་རྟོག་ཕྱོགས་ཀྱི་མཐོ་རིམ་དཔོན་པོ་ཧེ་ཏི་ཨར་གྱིས་སྨྱན་བྱད་ལ་བཤད་རྒྱུར། འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་གིཉས་ཐོག་ཁང་གི་ཀླད་ནས་བསད་པ་དང་། འཇིགས་སྐུལ་ཉེས་ཅན་གཅིག་གིས་ཐོག་ཁང་དེའི་བརྩེགས་རིམ་བཞི་བ་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་ནས་ཤི་བ་རེད་ཟེར།
ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་གསལ་སྒྲོག་སྤེལ་ཏེ་ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒྱལ་ཁབ་ཧྲིལ་བོས་མཉམ་དུ་འབད་བརྩོན་བྱས་ནས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་རྩ་བ་ནས་མེད་པར་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།