ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་ཙན་པི་ཡའི་ཕྱི་འབྲེལ་དཔོན་པོ་ཁཱ་ཁུའུ་པའོ་ལ་ཁ་པར་བཏང་།
ཆིན་ཀང་གིས་བསྟན་དོན། ཀྲུང་གོ་དང་ཙན་པི་ཡ་ནི་ཕྱོགས་ཡོངས་ཀྱི་གྲོགས་པོ་བཟང་བོ་ཡིན། ན་ནིང་གི་ཟླ་ལྔ་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཞི་ཆི་ལེ་མཱ་ལ་ཁ་པར་བཏང་སྟེ་ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཕན་ཚུན་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་བྱེད་པའི་གྲོས་འགོ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ་ཙན་པི་ཡའི་སྤུས་ལེགས་ཚོང་རྫས་སྔར་ལས་མང་པོ་ཀྲུང་གོར་ཕྱིར་གཏོང་བྱེད་པར་དགའ་བསུ་ཞུ་བ་ཡིན། ཀྲུང་གོ་དང་ཙན་པི་ཡ་ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་རོགས་རེས་ལ་ཤུགས་སྣོན་དགོས་པ་དང་། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་སོགས་ལ་མཉམ་དུ་ངོ་རྒོལ་བྱས་ཏེ་ཀྲུང་གོ་དང་ཙན་པི་ཡ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས།
ཁཱ་ཁུའུ་པའོ་ཡིས་བསྟན་དོན། ཙན་པི་ཡ་དང་ཀྲུང་གོའི་བར་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ལྡན་པ་དང་། ཀྲུང་གོས་དུས་ཡུན་རིང་བོར་ཙན་པི་ཡ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཛའ་བརྩེ་འཕེལ་རྒྱས་ཆེན་པོ་འབྱུང་བར་རེ་བ་བྱེད་ཀྱིན་ཡོད། ཙན་པི་ཡ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།