ཐུར་ཁེའི་ནང་སྲིད་པུའུ་ཀྲང་སོ་དབྱི་ལུའུ་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཧ་ཐ་དབྱི་ཞིང་ཆེན་དུ་ཉིན་དེའི་དགོང་མོར་ས་ཡོམ་ཐེངས་མང་བྱུང་ནས། མིག་སྔའི་བར་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་བཅུ་གསུམ་ལ་རྨས་ཕོག
ཐུར་ཁེའི་གནོད་འཚེ་དང་འཕྲལ་བསྟུན་དོ་དམ་ཁང་གིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཧ་ཐ་དབྱི་ཞིང་ཆེན་ཏི་ཧྥུའུ་ནེ་ས་ཁུལ་དུ་ས་དེའི་ཆུ་ཚོད་ཉི་ཤུ་དང་སྐར་མ་བཞིའི་སྟེང་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་བ་དང་། ས་ཡོམ་འབྱུང་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་བཅུ་དྲུག་དང་གྲངས་ཆུང་བདུན་ཡོད། དུས་ཚོད་སྐར་མ་གསུམ་གྱི་རྗེས་སུ། ཞིང་ཆེན་དེའི་སཱ་མན་ཏ་ས་ཁུལ་དུ་ཚད་རིམ་ལྔ་དང་གྲངས་ཆུང་བརྒྱད་ཀྱི་འཕྲོ་ཡོམ་བྱུང་དང་། དེའི་རྗེས་སུ་འཕྲོ་ཡོམ་ཐེངས་ཉེར་བདུན་ལ་བྱུང་ཟེར།
སོ་དབྱི་ལུའུ་ཡིས་ཉིན་དེར་ཧ་ཐ་དབྱི་ཞིང་ཆེན་གྱི་ཨན་ཐ་ཅི་ཡ་གྲོང་ཁྱེར་ནས་སྨྱན་སྦྱོར་ལ་བཤད་རྒྱུར། ས་ཡོམ་ཁྲོད་དུ་མིག་སྔའི་བར་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་བཅུ་གསུམ་ལ་རྨས་ཕོག་ཡོད། མྱུར་སྐྱོབ་མི་སྣས་བརྡིབས་ཟིན་པའི་ཁང་པ་གསུམ་གྱི་འོག་ནས་མི་དྲུག་བསྐྱབས་ཡོད་ཟེར།
ཐུར་ཁེའིMTVབརྙན་འཕྲིན་ཁང་གིས་གནས་ཚུལ་དེ་མཐོང་མཁན་གྱི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། གཟའ་འཁོར་གཉིས་ཀྱི་སྔོན་དུ་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ས་ཡོམ་ཁྲོད་དུ་གཏོར་བརླག་ཐེབས་པའི་ཁང་བ་ཁ་ཤས་ཉིན་དེའི་དགོང་མོར་བརྡིབས་པ་དང་། ས་ཡོམ་བྱུང་རྗེས་ས་དེའི་སྡོད་དམངས་རྣམས་འཚང་ཁ་ཤིག་ཤིག་གིས་སྲང་ལམ་དུ་བྲོས་སོང་ཟེར། ཐུར་ཁེའི་ཙུང་ཐུང་གཞོན་པ་ཨོ་ཁི་ཐ་དབྱི་ཡིས་བཤད་རྒྱུར། མྱུར་སྐྱོབ་དཔུང་སྡེས་ཁང་བར་གཏོར་བརླག་ཐེབས་པ་དང་མི་སྣར་ཤི་རྨས་བཟོས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་ཡོད་ཟེར།
ཐུར་ཁེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཐུར་ཁེ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ས་དེའི་སྲིད་གཞུང་དང་ཆེད་ལས་སྡེ་ཁག་གིས་སྤེལ་བའི་སྔོན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱེད་རྒྱུ་དང་། དགོས་ངེས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་སྤྱོད་པ་དང་། འཕྲལ་བསྟུན་གྲ་སྒྲིག་བཟང་བོ་བྱས་ཏེ། ས་ཡོམ་དང་བསྐྱར་འབྱུང་གནོད་འཚེ་ལ་དོགས་ཟོན་བྱེད་དགོས་པའི་གསལ་འདེབས་བྱས། དེ་ལས་གཞན་མིག་སྔར་གནོད་འཚེ་ཐེབས་ས་རུ་ལམ་དང་བརྡ་འཕྲིན་ཐད་སྟབས་མི་བདེ་བ་དང་། ས་ཡོམ་ཡང་བསྐྱར་འབྱུང་བཞིན་པས། བདེ་འཇགས་ཐད་ཀྱི་ཉེན་ཁར་གཟབ་ཆེད། ཀྲུང་གོའི་སྤྱི་དམངས་རྣམས་རང་དཀར་གནོད་འཚེ་ཐེབས་སར་མི་འགྲོ་རྒྱུའི་གསལ་འདེབས་བྱས་ཡོད།
ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཁ་ཧི་ལཱ་མན་མཱ་ལཱ་ཧྲིན་ཞིང་ཆེན་དུ་ཟླ་འདིའི་ཚེས་དྲུག་ཉིན་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་ཡོམ་བྱུང་བ་དང་། དེའི་རྗེས་སུ་ཉེ་འདབས་ས་ཁུལ་དུ་འཕྲོ་ཡོམ་ཐེངས་མང་བྱུང་། ཧ་ཐ་དབྱི་ཞིང་ཆེན་ནི་ས་ཡོམ་ཁྲོད་མི་སྣ་རྐྱེན་ལམ་དུ་ཤོར་ཚད་ཆེས་མང་བའི་ཞིང་ཆེན་རེད། དཔོན་ཕྱོགས་ཀྱི་སྡོམ་རྩིས་གཞི་གྲངས་ཆེས་གསར་པ་ལྟར་ན། ཚེས་དྲུག་ཉིན་གྱི་ས་ཡོམ་ཆེན་པོའི་ཁྲོད་དུ་ཉུང་མཐར་ཡང་ཐུར་ཁེའི་མི་ཁྲི་བཞི་དང་སྟོང་གཅིག་བརྒྱ་དང་ང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཅིག་དང་སྟོང་ལྔ་ལྔ་བརྒྱ་དང་ལྔ་ལ་རྨས་ཕོག་ཡོད། གནོད་འཚེ་ཐེབས་སའི་ཁང་བ་ཁྲི་བརྒྱད་དང་སྟོང་བཞི་བརྡིབས་པ་དང་ཡང་ན་གཏོར་བརླག་ཚབས་ཆེན་ཐེབས་པའམ་བཤིག་དགོས་བྱུང་ཡོད།
ཐུར་ཁེ་ནི་ས་ཡོམ་འབྱུང་སླ་བའི་ས་ཁུལ་དུ་གནས་ཡོད་ལ། ཉིས་སྟོང་བཅུ་གཅིག་ལོར། ཐུར་ཁེའི་ཤར་ཕྱོགས་སུ་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་ནས་མི་དྲུག་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར། ཉིས་སྟོང་ཉི་ཤུ་ལོར་ཐུར་ཁེའི་ནུབ་ཕྱོགས་ཀྱི་ཨེ་ཆིན་རྒྱ་མཚོའི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་དྲུག་གི་ས་ཡོམ་བྱུང་ནས་མི་བརྒྱ་དང་བཅུ་དྲུག་རྐྱེན་ལམ་དུ་ཤོར།
ཕྱུག་ལོས་བསྒྱུར།