ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་དུ་དམག་འཁྲུག་ལ་རྒོལ་བའི་ཁྲོམ་སྐོར་རྒྱ་ཆེན་པོ་སྤེལ་བཞིན་པའི་སྐབས་སུ། ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་གྱིས་ཚེས་ཉི་ཤུ་ཉིན་གློ་བུར་དུ་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ལ་འཚམས་འདྲི་བྱས་པ་དང་། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་དང་གྲོས་མོལ་བྱས་ནས། ཨ་མེ་རི་ཁས་ཝུའུ་ཁི་ལན་རིན་ཐང་ཨ་སྒོར་དུང་ཕྱུར་ལྔའི་དམག་དོན་རོགས་སྐྱོར་གསར་པ་རབ་དང་རིམ་པ་བྱེད་རྒྱུ་ཡིན་ཞེས་བསྒྲགས།
ཝུའུ་ཁི་ལན་གྱི་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། པད་ཏིན་གྱིས་ཉེན་དེར་ཙི་ལེན་སི་ཅི་དང་གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དུ། ཨ་མེ་རི་ཁ་དང་དེའི་ནུབ་ཕྱོགས་མནའ་གྲོགས་ཀྱིས་ཝུའུ་ཁི་ལན་ལ་ཐན་ཁི་འཁོར་ལོ་བདུན་བརྒྱ་དང་། མེ་སྒྱོགས་སྟོང་གཅིག སྒྱོགས་མདེལ་ས་ཡ་གཉིས་ལྷག རྒྱང་འཕེན་མེ་སྒྱོགས་ལྔ་བཅུ་ལྷག་དང་། གྲུ་རྒོལ་དང་མཁའ་ཟོན་མ་ལག་སོགས་ཀྱི་མཚན་ཆ་དང་སྒྲིག་ཆས་འདོན་སྤྲོད་བྱས་ཡོད་ཅེས་བསྒྲགས། དེ་དང་མཉམ་དུ་དུ་པད་ཏིན་གྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་ཧེ་མཱ་སི་མེ་ཤུགས་སྒྱོགས་ཆེན་དང་ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའི་མ་ལག་གི་མདེལ་རྫས་དང་བཅས་པའི་རིན་གོང་ཨ་སྒོར་དུང་ཕྱུར་ལྔ་ཡི་དམག་དོན་རོགས་སྐྱོར་གསར་པ་རབ་དང་རིམ་པ་བྱེད་རྒྱུ་ཡིན་ཞེས་བསྒྲགས། ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་པས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་རོགས་སྐྱོར་གྱི་གནས་ཚུལ་ཞིབ་ཅིང་ཕྲ་བ་རྗེས་ཕྱོགས་ཀྱི་ཉིན་འགའི་ནང་དུ་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར།
ཙི་ལེན་སི་ཅི་ཡིས་མཉམ་འབྲེལ་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དམག་འཁྲུག་དེ་ངེས་པར་དུ་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་བ་སླར་གསོ་བྱེད་པ་དང་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་ཁས་བླངས་ནས་མཇུག་བསྒྲིལ་དགོས་ཟེར།
ཟླ་འདིའི་ཟླ་འགོར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཝུའུ་ཁི་ལན་དང་ཨ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བྱེ་བ་བདུན་ས་ཡ་ལྔའི་དམག་དོན་རོགས་སྐྱོར་གསར་པ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་དང་། དེའི་ནང་དུ་ཐོག་དང་པོར་ཝུའུ་ཁི་ལན་ལ་བར་ཐག་སྤྱི་ལེ་བརྒྱ་དང་ལྔ་བཅུའི་མཚམས་སུ་འཕེན་ཆོག་པའི་མེ་ཤུགས་འཕུར་མདེལ་འདོན་སྤྲོད་བྱེད་པ་ཡང་འདུ། ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱས་ཚད་སྡོམ་རྩིས་བྱས་ན་ཨ་སྒོར་ཐེར་ཆེན་ལྔ་ལས་བརྒལ་ཡོད་ཟེར།
ཉེ་སྔོན་གྱི་དམངས་བློ་རྟོག་ཞིབ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁའི་མི་སྔར་ལས་མང་བོས་ཝུའུ་ཁི་ལན་དང་མཚོན་ཆ་འདོན་སྤྲོད་བྱེད་པ་དང་ཐད་ཀར་དུ་དཔལ་འབྱོར་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་མེད། ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཨ་མེ་རི་ཁའི་དམག་འཁྲུག་ལ་རྒོལ་བའི་མི་སྟོང་ཕྲག་ལྷག་གིས་རྒྱལ་ས་ཝ་ཧྲིན་ཏོན་གྲོང་ཁྱེར་དུ་ཡོད་པའི་ལིན་ཁིན་རྗེས་དྲན་ཁང་གི་མདུན་ནས་འདུ་ཚོགས་བསྡུས། འདུ་ཚོགས་རྩ་འཛུགས་བྱེད་མཁན་གྱིས་བཤད་རྒྱུར། དེ་ནི་དབྱི་རག་དམག་འཁྲུག་གི་རྗེས་སུ་ཨ་མེ་རི་ཁའི་དམག་འཁྲུག་ལ་རྒོལ་བའི་རྔམ་སྟོན་ཆེས་ཆེན་པོ་ཡིན་སྲིད་ལ། ངོ་རྒོལ་བས་ཨ་མེ་རི་ཁས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐད་དཀྲུག་ཤིང་འཕེན་མཚམས་འཇོག་རྒྱུའི་རེ་བ་བཏོན་པ་དང་། ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མོལ་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་ཞིང་། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་གཏོར་རྒྱུ་དང་ཨ་མེ་རི་ཁའི་དམག་དོན་འགྲོ་གྲོན་ཇེ་ཉུང་དུ་གཏོང་རྒྱུ་སོགས་ཀྱི་འབོད་སྐུལ་བཏོན་པ་ཡིན་ཟེར།
ཕྱུག་ལོས་བསྒྱུར།