ཐུར་ཁེ་ཡིས་ས་ཡོམ་གྱི་གནོད་ཐེབས་གྲོང་ཁྱེར་བཅུ་གཅིག་ཕྱོགས་ཡོངས་ནས་བསྐྱར་འཛུགས་བྱེད་མགོ་རྩོམ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། 
2023.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་ཟླ་གསུམ་པ་ནས་བཟུང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་གྲོང་ཁྱེར་བཅུ་གཅིག་ཕྱོགས་ཡོངས་ནས་བསྐྱར་འཛུགས་བྱེད་རྒྱུའི་འཆར་གཞི་ཡོད་ལ། དེའི་ནང་འབྲེལ་ཡོད་ཀྱི་ཆ་ཚང་སྒྲིག་ཆས་མང་བོའི་བསྐྱར་འཛུགས་ཀྱང་འདུས་ཡོད་ཟེར། 

ཐུར་ཁེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཐུར་ཁེའི་ལྷོ་ཕྱོགས་ཀྱི་ས་ཡོམ་གནོད་འཚེ་ཐེབས་སའི་ཧཱ་ཐཱ་དབྱེ་གྲོང་ཁྱེར་ནས་བཤད་རྒྱུར། ཐུར་ཁེ་ཡིས་ཟླ་གསུམ་པ་ནས་བཟུང་ཧཱ་ཐཱ་དབྱེ་དང་ཨོ་སི་མན་ནེ་ཡེ། ཅཱ་ཆི་ཨན་ཐེ་ཕུའུ་སོགས་འདུས་པའི་ས་ཡོམ་གྱི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བཅུ་གཅིག་བསྐྱར་འཛུགས་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། བསྐྱར་འཛུགས་ལས་གཞིར་སྡོད་ཁང་དང་། ཚོང་ལས་ཀྱི་ཆ་ཚང་སྒྲིག་ཆས། བཟོ་ལས་སྒྲིག་ཆས། ཞིང་ལས་སྒྲིག་ཆས་སོགས་འདུས། ཐུར་ཁེའི་སྲིད་གཞུང་གིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་བར་མཉམ་ལས་བྱས་ཏེ་བསྐྱར་འཛུགས་ལས་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེའི་སྲིད་གཞུང་གིས་གྲོང་ཁྱེར་རེ་འགའི་གཞིས་སྡོད་ས་ཁུལ་དེ་རི་ཁུལ་དུ་སྤར་ནས་ས་ཡོམ་བྱུང་རྗེས་ས་གཤིས་བརླན་ལས་བྱུང་བའི་གནད་དོན་འབྱུང་བར་སྔོན་འགོག་བྱེད་རྩིས་ཡོད་ཟེར། 

ཐུར་ཁེའི་ལྷོ་ཕྱོགས་ཀྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་ཟླ་འདིའི་ཚེས་དྲུག་ཉིན་ས་ཡོམ་དྲག་པོ་བྱུང་བ་དང་། ཧཱ་ཐཱ་དབྱེ་ཞིང་ཆེན་གྱི་གནོད་ཐེབས་གནས་ཚུལ་ཅུང་ཚབས་ཆེན་རེད། ཐུར་ཁེའི་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ས་ཡོམ་དེ་ལས་ཐུར་ཁེའི་མངའ་ཁོངས་སུ་ཉུང་མཐར་ཡང་མི་ཁྲི་བཞི་དང་སྟོང་གཅིག་བརྒྱ་ང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཅིག་དང་སྟོང་ལྔ་ལྔ་བརྒྱ་དང་ལྔར་རྨས་ཕོག་ཡོད་ལ། གནོད་ཐེབས་ས་ཁུལ་ནས་ཁང་བ་ཁྲི་བརྒྱད་དང་སྟོང་བཞི་ལྷག་རྡིབས་སྐྱོན་བྱུང་བའམ་གཏོར་བརླག་ཚབས་ཆེན་ཐེབས་ནས་མྱུར་མོར་བཤིག་དགོས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།