ཕུའུ་ཅིན་གྱིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེ་གནས་སྐབས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། 
2023.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 95

ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ས་མའོ་སི་ཁོ་ནས་གྲོས་ཁང་གོང་འོག་གཉིས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་པའི་གཏམ་བཤད་སྤེལ། 

ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ས་མའོ་སི་ཁོ་ནས་གྲོས་ཁང་གོང་འོག་གཉིས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་པའི་གཏམ་བཤད་སྤེལ། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་རྒྱལ་ས་མའོ་སི་ཁོ་ནས་གྲོས་ཁང་གོང་འོག་གཉིས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་པའི་གཏམ་བཤད་སྤེལ་སྐབས། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་བཀོད་པའི་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེ་གནས་སྐབས་སུ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེའི་ནང་དོན་ཚང་མ་ལག་བསྟར་དགོས་པའི་རེ་བ་བཏོན་ཡང་། ཨ་མེ་རི་ཁ་རང་ཉིད་ཀྱིས་ཅི་བསམ་གང་དྲན་བྱེད་བཞིན་ཡོད། ཨ་མེ་རི་ཁས་ཨུ་རུ་སིར་འཐབ་ཇུས་ཕམ་ཉེས་འབྱུང་དུ་འཇུག་འདོད་པ་དང་། ཨུ་རུ་སིའི་དམག་དོན་སྒྲིག་ཆས་ལ་ཞིབ་བཤེར་བྱེད་འདོད་ཡོད། དེ་བས་ཨུ་རུ་སིའི་ཕྱོགས་ཀྱིས་གནས་སྐབས་སུ་ཆིངས་ཡིག་དེ་ལག་བསྟར་བྱེད་མཚམས་མི་འཇོག་ཐབས་མེད་རེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཆིངས་ཡིག་དེ་ལས་ཕྱིར་འབུད་རྩིས་མིན་ལ། གནས་སྐབས་སུ་ལག་བསྟར་བྱེད་མཚམས་བཞག་པ་ཙམ་ཡིན་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨ་མེ་རི་ཁས་རང་གིས་གཙོ་ཁྲིད་བྱེད་པའི་འཛམ་གླིང་ཞིག་བསྐྲུན་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཆགས་པའི་ཞི་བདེའི་རྨང་གཞིར་གང་འདོད་དུ་རྡོག་བརྫིས་གཏོང་འདོད་པ་རེད། ཨ་མེ་རི་ཁ་དེའི་སྔོན་ཨུ་རུ་སིའི་བར་བཀོད་པའི་འཕུར་མདའི་ངོ་རྒོལ་ཆིངས་ཡིག་ལས་ཕྱིར་བུད་པ་དང་། ཨ་མེ་རི་ཁའི་བྱ་སྤྱོད་རབ་དང་རིམ་པ་ལས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ཇེ་སྡུག་ཏུ་བཏང་ཡོད་ཟེར། 

ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཕུའུ་ཅིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ས་ཁུལ་རང་བཞིན་གྱི་འཁྲུག་རྩོད་དེ་འཛམ་གླིང་རང་བཞིན་གྱི་འཁྲུག་རྩོད་དུ་གཏོང་རྩིས་བྱས་པར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་གྱི་མཚོན་ཆའི་མཁོ་འདོན་ཇེ་མང་དུ་གཏོང་བཞིན་ཡོད་ལ། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་སྔར་ལས་མང་བའི་རྒྱང་འཕེན་མཚོན་ཆའི་སྒྲིག་ཆས་འདོན་སྤྲོད་བྱས་ན། ཨུ་རུ་སིའི་ཕྱོགས་ཀྱིས་འཇིགས་ཉེན་དེ་དག་གཙང་སེལ་མི་བྱེད་ཐབས་མེད་ཡིན་ཟེར། 

འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེ་ནི་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་ལོར་བཀོད་པ་དང་། ཉིས་སྟོང་བཅུ་གཅིག་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན་ནུས་ལྡན་དུ་གྱུར་བ་ཡིན་ལ། ནུས་ཡུན་ལོ་ངོ་བཅུ་ཡིན་པ་རེད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པའི་ཚེས་གསུམ་ཉིན། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་གྱི་ཡིག་ཆ་བརྗེ་རེས་བྱས་ཏེ་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བ་དེའི་ནུས་ཡུན་ཇེ་རིང་དུ་གཏོང་བའི་འབྲེལ་ཡོད་གནང་དོན་གྱི་ལས་རིམ་ཡོངས་འགྲུབ་བྱས་པ་དང་། གྲོས་མཐུན་དེ་མྱུར་མོར་ནུས་ལྡན་དུ་གྱུར་ནས། ཆིངས་ཡིག་གི་ནུས་ཡུན་དེའི་རྗེས་སུ་ཉིས་སྟོང་ཉེར་དྲུག་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན་བར་ཇེ་རིང་དུ་བཏང་བ་རེད། ཨུ་རུ་སི་དང་ཨ་མེ་རི་ཁའི་འཕུར་མདའི་ཆིངས་ཡིག་དེ་ཉིས་སྟོང་བཅུ་དགུ་ལོར་ནུས་མེད་དུ་གྱུར་རྗེས། ཆིངས་ཡིག་དེ་རྒྱལ་ཁབ་གཉིས་བར་གྱི་དམག་ཆས་ཚོད་འཛིན་གྱི་ཆིངས་ཡིག་གཅིག་པུར་གྱུར་བ་རེད། 

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སིའི་ཕྱོགས་གནས་སྐབས་སུ་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་བའི་སྒྲིག་ཆས་དཔྱད་ཞིབ་རྐྱེན་སྲོལ་ལས་ཕྱིར་མི་འབུད་ཐབས་མེད་རེད། རྒྱུ་མཚན་ནི་ཨ་མེ་རི་ཁས་ནམ་རྒྱུན་མིག་སྔའི་དངོས་ཡོད་ཆ་རྐྱེན་གྱི་གནས་ཚུལ་འོག་དཔྱད་ཞིབ་བྱ་འགུལ་སླར་གསོ་བྱེད་པར་བསམ་བློ་གཏོང་གིན་མེད་ལ། ཨ་མེ་རི་ཁའི་ཕྱོགས་ལ་ཁེར་རྐྱང་གི་ཁྱད་སྟོབས་བསྐྲུན་ནས་ཨུ་རུ་སི་ཡིས་ཨ་མེ་རི་ཁའི་མངའ་ཁོངས་ནས་དཔྱད་ཞིབ་བྱེད་པའི་དབང་ཆ་འཕྲོག་པས་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།