ཧྥེ་ལེ་པེན་གྱི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལ་དངོས་སུ་ཆོག་མཆན་བཀོད། 
2023.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཧྥེ་ལེ་པེན་གྱི་རྒྱལ་ཚོགས་གྲོས་ཞུགས་ཁང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལ་དངོས་སུ་ཆོག་མཆན་བཀོད་དེ། ཧྥེ་ལེ་པེན་འཛམ་གླིང་ཡོངས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་ཆེན་མོའི་ནང་ཞུགས་པའི་རྒྱལ་ནང་གི་ཆེས་མཇུག་མཐའི་བཀག་རྒྱ་གཙང་སེལ་བྱས། 

ཧྥེ་ལེ་པེན་གྱི་གྲོས་ཞུགས་ཁང་ནས་དགོང་མོ་དེར་འདེམ་ཤོག་ཉི་ཤུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གཅིག་གིས་དབང་ཆ་བསྐྱུར་བ་དང་། འདེམ་ཤོག་གཅིག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེར་དངོས་སུ་ཆོག་མཆན་བཀོད་པ་རེད། དེའི་རྗེས་སུ། ཧྥེ་ལེ་པེན་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ལ་དཔྱད་ཞིབ་ཆོག་མཆན་ཡི་གེ་སྤྲད་པ་རེད། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་དཔྱད་ཞིབ་ཆོག་མཆན་ཡི་གེ་སྤྲད་ནས་ཉིན་དྲུག་ཅུའི་རྗེས་སུ་དངོས་སུ་ཧྥེ་ལེ་པེན་ལ་ནུས་ལྡན་དུ་འགྱུར་སྲིད་པ་རེད། 

ཧྥེ་ལེ་པེན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཕེལ་རྒྱས་ཅུའུ་ཡི་ཅུའུ་ཀྲང་པཱ་ལེ་སཱ་ཁན་གྱིས་བཤད་རྒྱུར། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་ན་ཧྥེ་ལེ་པེན་འཛམ་གླིང་ཡོངས་ཀྱི་མཁོ་འདོན་མུ་རྒྱུན་ནང་ཞུགས་པར་ཕན་ཐོགས་ཡོད་ཅིང་། ཚོང་རའི་ཞུགས་ཆོག་གི་ཚད་རྒྱ་བསྐྱེད་ཐུབ་ལ། ས་ཁོངས་དང་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་། དེ་མིན་འཐབ་ཇུས་སྡེ་ཁག་གི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་བ་ལས་ཧྥེ་ལེ་པེན་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་ཐུབ་ཟེར། 

ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནུས་ལྡན་དུ་གྱུར་ནས་ལག་བསྟར་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་རང་དབང་ཉོ་ཚོང་གྲོས་ཆོད་ཅིག་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།