པཱ་ཞིའི་ཧྲིན་པའོ་ལོ་མངའ་སྡེ་རུ་དྲག་ཆར་གྱི་གནོད་འཚེ་ཚབས་ཆེན་བྱུང་སྟེ་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར། 
2023.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

པཱ་ཞིའི་ཧྲིན་པའོ་ལོ་མངའ་སྡེའི་དམངས་སྲུང་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། མངའ་སྡེ་དེའི་མཚོ་འགྲམ་ས་ཁུལ་དུ་ཉེ་སྔོན་བསྟུད་མར་དྲག་ཆར་བབས་ཏེ་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་ནས། མིག་སྔར་འདས་པོའི་ཁ་གྲངས་མི་ཞེ་བརྒྱད་ལ་བསླེབས་ཡོད་ཟེར། 

ཧྲིན་པའོ་ལོ་མངའ་སྡེའི་སྲིད་གཞུང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་མངོན་པ་ལྟར་ན། འདས་པོའི་གྲས་སུ་མི་ཞེ་བདུན་ཧྲིན་སེ་པཱ་སི་ཏིས་ཨང་ནས་ཡིན་པ་དང་། གཞན་ཡང་མི་གཅིག་ཝུའུ་པཱ་ཐུའུ་པཱ་ནས་ཡིན་པ་རེད། མིག་སྔར་རྒུད་སྐྱོབ་མི་སྣས་མི་ཉེར་དྲུག་ཉེན་ཁ་ལས་བསྐྱབས་པ་དང་། སྔར་བཞིན་མི་བཞི་བཅུ་གར་སོང་རྙེད་མེད་ཟེར། 

ཧྲིན་སེ་པཱ་སི་ཏིས་ཨང་གྲོང་ཁྱེར་གྱི་དམངས་སྲུང་སྡེ་ཁག་གིས་ཚེས་ཉེར་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། ས་ཁུལ་དེར་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་ཆར་ཆུའི་འབབ་ཚད་ཧའོ་རྨིད་དྲུག་བརྒྱ་ལས་བརྒལ་བ་དང་། དྲག་ཆར་ལས་མི་སྟོང་གཅིག་དང་དགུ་བརྒྱ་ཞེ་གསུམ་ལ་འགྲོ་སའི་ཁྱིམ་མེད་ལ། སྲང་ལམ་མང་བོར་གློག་དང་འཐུང་ཆུ། འཕྲིན་གཏོང་བཅས་འདོན་སྤྲོད་དཀའ་བའི་གནད་དོན་བྱུང་ཡོད་ཟེར། 

པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས་ཉི་ཤུ་ཉིན་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་བྱས་ཏེ། པཱ་ཞིའི་རིམ་པ་སོ་སོའི་སྲིད་གཞུང་གིས་རོགས་ལས་ལ་ཤུགས་སྣོན་བྱས་ཤིང་། མཉམ་དུ་ཧྲིན་པའོ་ལོ་མངའ་སྡེའི་དྲག་ཆར་གྱི་གནོད་འཚེ་ཚབས་ཆེན་ཐག་གཅོད་བྱས་ཏེ། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལ་གྲ་སྒྲིག་བྱེད་དགོས་པའི་འབོད་སྐུལ་བཏང་། 

པཱ་ཞིའི་མཚོ་དམག་གིས་ཚེས་ཉེར་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། པཱ་ཞིའི་མཚོ་དམག་གི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་རྟགས་ཅན་གྱི་སྤྱོད་སྒོ་ཆེ་བའི་གནམ་གྲུ་འབབ་སའི་གྲུ་གཟིངས་དེ་ཚེས་ཉེར་གསུམ་ཉིན་ཧྲིན་སེ་པཱ་སི་ཏིས་ཨང་གྲུ་ཁར་འབྱོར་སྲིད་པ་དང་། ཧྲིན་པའོ་ལོ་མངའ་སྡེའི་མཚོ་འགྲམ་ས་ཁུལ་གྱི་རྒུད་སྐྱོབ་བྱ་བར་རོགས་རམ་བྱེད་རྒྱུ་ཡིན་ལ། ནུབ་ཀྱི་རྒྱ་མཚོ་ཆེན་མོ་རྟགས་ཅན་གྱི་གྲུ་གཟིངས་སྟེང་དུ་ནད་ཁྲི་ཉིས་བརྒྱ་ལྷག་ཡོད་པའི་གཡུལ་སའི་སྨན་ཁང་དང་དམག་དོན་སྨན་བཅོས་མི་སྣ་ཉེར་བརྒྱད་ཡོད་པས། རྒུད་སྐྱོབ་ཡུལ་དངོས་ཀྱི་སྨན་བཅོས་ནུས་པ་ལྡབ་འགྱུར་གྱིས་ཇེ་མཐོར་གཏོང་ཐུབ། དེ་ལས་གཞན་གྲུ་གཟིངས་སྟེང་དུ་གྱེན་འཕུར་གནམ་གྲུ་དྲུག་དང་སྐམ་སར་འབུད་བྱེད་ཀྱི་མྱུར་སྐྱོད་གྲུ་གཟིངས་གསུམ་ཡོད་པས། རྒུད་སྐྱོབ་མི་སྣ་དག་གཞུང་ལམ་ལ་གཏོར་བརླག་ཐེབས་པའི་ས་ཁོངས་སུ་འགྲོ་བར་རོགས་འདེགས་བྱེད་ཐུབ་ཟེར། 

ཧྲིན་པའོ་ལོ་མངའ་སྡེའི་དམངས་སྲུང་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་ཉེན་བརྡ་བཏང་སྟེ། ཚོད་དཔག་བྱས་ན་མངའ་སྡེ་དེའི་མཚོ་འགྲམ་ས་ཁུལ་དུ་མ་འོངས་པའི་ཉིན་འགའི་ནང་སྔར་བཞིན་དྲག་ཆར་གྱི་ཤུགས་རྐྱེན་ཐེབས་སྲིད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།