དབྱི་རག་དང་ཀྲུང་གོའི་ཁེ་ལས་གཉིས་ཀྱིས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྔོག་འདོན་དང་གསར་སྤེལ་གྲོས་མཐུན་བཀོད། 
2023.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་རག་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་ཀྲུང་གོའི་ཁེ་ལས་འདུས་པའི་ནུས་ཁུངས་ཀུང་ཟི་གསུམ་བར་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྔོག་འདོན་དང་གསར་སྤེལ་གྲོས་མཐུན་བཀོད། 

དེའི་ནང་ཀྲུང་གོའི་ཁེ་ལས་གླིང་ཆེན་བར་གྱི་རྡོ་སྣུམ་སོལ་རླངས་མ་རྐང་ཚད་ཡོད་ཀུང་ཟི་ཡིས་ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་དང་ལྷོ་ཕྱོགས་ཀྱི་མུས་སིང་ཞིང་ཆེན་གྱི་རྡོ་སྣུམ་དང་སོལ་རླངས་སྔོག་འདོན་དང་གསར་སྤེལ་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་གཞན་པ་ཞིག་ནུས་ཁུངས་སྡེ་ཚོགས་དང་མཉམ་འབྲེལ་བྱས་ཏེ་ལྷོ་ཕྱོགས་ཀྱི་པཱ་ཧྲི་ལཱ་ཞིང་ཆེན་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་གསར་སྤེལ་བྱེད་རྒྱུ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཟླ་གསར་རྡོ་སྣུམ་ཀུང་ཟིས་ཏིས་ཡཱ་ལཱ་ཞིང་ཆེན་དང་པཱ་ཧྲི་ལཱ་ཞིང་ཆེན་གྱི་གནས་གསུམ་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་གསར་སྤེལ་བྱེད་རྒྱུ་རེད། 

དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཉིན་དེར་རྒྱལ་ས་པཱ་ཀ་ཏཱའི་རྡོ་སྣུམ་པུའུ་ནས་སྤེལ་བའི་མིང་འགོད་པའི་མཛད་སྒོར་ཞུགས། ཁོས་བསྟན་དོན། དབྱི་རག་གིས་འཛམ་གླིང་ཡོངས་ཀྱི་རང་བྱུང་སོལ་རླངས་ཚོང་རར་ཞུགས་པའི་འཆར་གཞིར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མིག་སྔར་དབྱི་རག་རྒྱལ་ཁབ་ཏུ་གློག་ཤུགས་མི་འདང་བའི་གནད་དོན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་འབར་རྫས་མ་འདང་བས་ཡིན་ལ། ཚོད་དཔག་བྱས་ན་ལོ་ངོ་གསུམ་གྱི་ནང་རྒྱལ་ཁབ་རང་གི་རང་བྱུང་སོལ་རླངས་ལ་རང་ཁ་རང་གསོ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བར། དབྱི་རག་རྡོ་སྣུམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་ཁྱབ་བསྒྲགས་བྱས་དོན། གླིང་ཆེན་བར་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས། མཉམ་འབྲེལ་ནུས་ཁུངས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཟླ་གསར་རྡོ་སྣུམ་ཀུང་ཟི་བཅས་ལ་དབྱི་རག་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་གནས་དྲུག་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་གསར་སྤེལ་བྱེད་པའི་དབང་ཆ་ཐོབ་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།