ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་ཧན་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་ཞོན་ཀུའུ་ཀྲི་ཧྲུའུ་བོས་ནས། འཇར་པན་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཏའོ་ཀིན་རྫོང་གིས་གཙོ་སྒྲུབ་བྱས་པའི་ཀྲུའུ་ཏའོ་གླིང་ཕྲན་ཉིན་མོའི་བྱ་འགུལ་ལ་ཞུགས་པར་ངོ་རྒོལ་བྱས། འཇར་པན་གྱིས་ཀྲུའུ་ཏའོ་ཞེས་འབོད་པའི་གླིང་ཕྲན་དེར་ཧན་གོས་ཏུའུ་ཏའོ་གླིང་ཕྲན་ཞེས་འབོད།
ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ད་རུང་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ནས། འཇར་པན་ཕྱོགས་ཀྱིས་ཡང་དང་བསྐྱར་དུ་ཏུའུ་ཏའོ་གླིང་ཕྲན་ལ་ལུགས་མཐུན་མིན་པའི་བདག་དབང་ཡོད་པའི་ཚུལ་བསྟན་པར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པ་དང་། འཇར་པན་ཕྱོགས་ཀྱིས་མྱུར་དུ་འབྲེལ་ཡོད་བྱ་འགུལ་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཏུའུ་ཏའོ་གླིང་ཕྲན་དེ་ལོ་རྒྱུས་དང་གནས་ཡུལ། རྒྱལ་སྤྱིའི་བཅའ་ཁྲིམས་བཅས་ཀྱི་སྟེང་ནས་ཧན་གོའི་འགྱུར་མེད་ཀྱི་མངའ་ཁོངས་ཡིན་པས། འཇར་པན་སྲིད་གཞུང་གིས་མྱུར་མོར་ཏུའུ་ཏའོ་གླིང་ཕྲན་ལ་ལུགས་མཐུན་མིན་པའི་འདོད་བློ་འདོན་མཚམས་བཞག་སྟེ། ཁེངས་སྐྱུང་གི་རྣམ་འགྱུར་གྱིས་ལོ་རྒྱུས་དང་ལེན་བྱེད་དགོས་ཟེར།
ཏུའུ་ཏའོ་གླིང་ཕྲན་དེ་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་སུ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཐིག་དང་གྲངས་ཆུང་གཅིག་བརྒྱད་ཡོད། ཧན་གོ་དང་ཁྲའོ་ཞན། འཇར་པན་བཅས་ཀྱིས་གླིང་ཕྲན་དེ་རང་ལ་དབང་བར་ཁྱབ་བསྒྲགས་བྱས་མྱོང་། མིག་སྔར་གླིང་ཕྲན་དེ་དོན་དངོས་སུ་ཧན་གོས་ཚོད་འཛིན་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།