ཞི་ལཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཞི་ལཱའི་མང་ཚོགས་ས་ཡ་འགའ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཞི་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་སྒོ་ཁ་ནས་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་འཚམས་འདྲིར་ཡོང་བར་ངོ་རྒོལ་བྱས།
པུའུ་ལིན་ཁུན་གྱིས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་ཞི་ལཱ་རུ་འཚམས་འདྲི་བྱས། ཞི་ལཱའི་གསར་འགྱུར་བྱ་བ་བྱེད་མཁན་གྱི་ཚགས་པར་ལས་བསྒྲགས་པ་ལྟར་ན། ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཁྲོམ་སྐོར་ལ་ཞུགས་པའི་མང་ཚོགས་ཀྱིས་པུའུ་ལིན་ཁུན་ནི་དགའ་བསུ་མི་བྱེད་པའི་མི་ཞིག་ཡིན་ཞེས་པའི་ཁ་གཡང་མཐོན་པོར་བསྒྲགས་པ་དང་། ལག་ཏུ་འཕྲེད་བྱང་དང་དར་ཆ་བཟུང་སྟེ། ཡཱ་ཏེན་གྱི་ཞི་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་སྒོ་ཁར་སོང་ནས་ངོ་རྒོལ་བྱས། མི་རྣམས་ཀྱིས་བྱང་ཆིངས་རྩ་འཛུགས་དང་འབྲལ་དགོས་པ་དང་། རྟེན་གཞི་མི་དགོས། ཐེ་གཏོགས་འགུལ་སྐྱོད་ནང་ཞུགས་མི་རུང་བའི་འབོད་པ་བཏང་། ཨ་མེ་རི་ཁ་དང་བྱང་ཆིས་རྩ་འཛུགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཁྲོད་བསྒྲུབས་པའི་བྱ་བར་ངོ་རྒོལ་བྱས།
ཞི་ལཱའི་ཡཱ་ཏེན་དང་མཱ་ཆི་ཏོན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཞི་ལཱ་གུང་ཁྲན་ཏང་དང་དེའི་ཁོངས་སུ་གཏོགས་པའི་ན་གཞོན་རྩ་འཛུགས། བཟོ་ཚོགས་རྩ་འཛུགས་བཅས་ཀྱིས་ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ་རེད་ཟེར།
གསར་འགྱུར་བྱ་བ་བྱེད་མཁན་གྱི་ཚགས་པར་ལས་བསྒྲགས་པ་ལྟར་ན། ཞི་ལཱའི་མཐོ་རིམ་སློབ་གྲྭའི་སློབ་མའི་ཚོགས་པ་དང་གཡོན་ཕྱོགས་མང་ཚོགས་སྐོར་ཞིག་གིས་ཚེས་ཉེར་གཅིག་ཉིན་གཞི་རྒྱ་ཆུང་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ཞིག་སྤེལ། ཞི་ལཱའི་གྲོང་ཁྱེར་ཆེན་མོ་གཉིས་པ་སེ་སཱ་ལོ་ནེ་ཅི་དང་ཁི་ལི་ཐི་གླིང་ཕྲན་གྱི་ཀན་ནེ་ཡཱ་གྲོང་ཁྱེར་དུའང་མང་ཚོགས་སྐོར་ཞིག་གཞི་རྒྱ་ཆུང་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ནང་ཞུགས་ནས། ཨ་མེ་རི་ཁའི་བཙན་རྒྱལ་རིང་ལུགས་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།