ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་དང་ཧྥུན་ལན་གྱི་ཙུང་ནེ་ནེ་སི་ཐའོ། ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་སི་ཐི་ལེ་བཅས་སུའེ་ཏེན་གྱི་ཧཱ་ཕུའུ་སུང་ཏི་ནས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།
སུའེ་ཏེན་དང་ཧྥུན་ལན། ནོར་ཝེ་བཅས་ཀྱིས་ཚེས་ཉེར་གཉིས་ཉིན་སུའེ་ཏེན་ནས་ཐུན་མོང་བསྒྲགས་གཏམ་སྤེལ་ཏེ། རྒྱལ་ཁབ་གསུམ་གྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་མཉམ་དུ་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་དང་ཧྥུན་ལན་གྱི་ཙུང་ནེ་ནེ་སི་ཐའོ། ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་སི་ཐི་ལེ་བཅས་ཀྱིས་ཉིན་དེར་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ནུབ་ངོས་ཀྱི་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡོད་པའི་ཧཱ་ཕུའུ་སུང་ཏི་རུ་ཡོད་པའི་དབུ་བཞུགས་བློན་ཆེན་གྱི་དབྱར་ཁའི་གཞིས་ཀ་ནས་གྲོས་མོལ་བྱས་ཤིང་། ཐུན་མོང་གི་བདེ་འཇགས་འགྲན་རྩོད་དང་དེ་མིན་ཕྱི་འབྲེལ་དང་བདེ་འཇགས། རྒྱལ་སྲུང་སྲིད་ཇུས་བཅས་གནད་དོན་ཐད་ནས་མཉམ་ལས་ཟབ་མོ་བྱེད་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གསུམ་གྱི་ཐུན་མོང་བསྒྲགས་གཏམ་སྤེལ།
ཐུན་མོང་བསྒྲགས་གཏམ་ལས་བཤད་རྒྱུར། ནོར་ཝེ་དང་ཧྥུན་ལན། སུའེ་ཏེན་བཅས་ཀྱིས་རང་གི་ཡོ་རོབ་གླིང་བྱང་མའི་ཁྱིམ་མཚེས་རྒྱལ་ཁབ་གཞན་པ་དང་མཉམ་དུ་འགན་འཁྲི་ཁུར་དུ་བླངས་ཏེ། བྱང་ཕྱོགས་ས་ཁོངས་འདུས་པའི་ས་ཁུལ་དེའི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན། མ་འོངས་པའི་ལོ་འགའི་ནང་། རྒྱལ་ཁབ་གསུམ་གྱིས་མུ་མཐུད་དུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཡོ་རོབ་གླིང་བྱང་མའི་ཁྱིམ་མཚེས་རྒྱལ་ཁབ་གཞན་པ་དང་ཨ་མེ་རི་ཁ། དབྱིན་ཇི་སོགས་གྲོགས་པོའི་རྒྱལ་ཁབ་བར་མཐུན་སྦྱོར་ཟབ་མོ་བྱས་འོག་རྒྱལ་སྲུང་མཉམ་ལས་སྤེལ་རྒྱུ་ཡིན་ཟེར།
ཐུན་མོང་བསྒྲགས་གཏམ་ལས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་ཆེས་བྱང་ངོས་ས་ཁུལ་གྱི་གནས་ཡུལ་དང་དེའི་ལྷད་མེད་རིམ་འཕར། བར་སྣང་། ལྕགས་རིགས་རྩ་ཆེན་གྱི་བསྡུ་ལེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་བྱུང་བའི་ཐུན་མིན་གྱི་ཆ་རྐྱེན་ལ་གཞིགས་ཤིང་། བྱང་ཕྱོགས་ས་ཁུལ་དུ་སྔར་ལས་ལྷག་པའི་མཉམ་ལས་སྤེལ་བར་སྦས་ཤུགས་ཆེན་པོ་ཡོད་ཟེར།
ནེ་ནེ་སི་ཐའོ་ཡིས་ཉིན་དེར་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཧྥུན་ལན་དང་སུའེ་ཏེན་གྱིས་ལག་རྡང་སྦྲེལ་ནས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཁོས་བལྟས་ན་ཧྥུན་ལན་དང་སུའེ་ཏེན་རྒྱལ་ཁབ་གཉིས་ད་ལོའི་དབྱར་ཁར་བྱང་ཆིངས་རྩ་འཛུགས་ནང་ཞུགས་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཀྱང་། ཁོས་ཆོག་མཆན་འགོད་པའི་དབང་ཆ་ང་ཚོའི་ལག་ཏུ་མེད་པ་ནན་གྱིས་བསྟན།
ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་ལྔ་ཉིན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུའི་འཐུས་མིས་ཧྥུན་ལན་དང་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེ་བཀོད་ནས། བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེ་འཕེལ་རིམ་དངོས་སུ་མགོ་བརྩམས། ལས་རིམ་སྒྲིག་སྲོལ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུ་གཅིག་གྱུར་ཡིད་འཐད་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱས་ཆོག་པ་རེད། མིག་སྔར་ཐུར་ཁེ་དང་ཧང་ག་རི་ཡིས་སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ད་རུང་དངོས་སུ་ཆོག་མཆན་བཀོད་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།