ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་བྱང་མ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་བྱུང་། 
2023.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཧིན་རྡུ་ཉི་ཞི་ཡཱའི་ཤར་ཕྱོགས་ཀྱི་མཱ་ལུའུ་ཀུའུ་བྱང་མ་ཞིང་ཆེན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་ཉེར་བཞི་ཉིན་གྱི་ཞོགས་པར་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་ཡོམ་བྱུང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 

ཧིན་རྡུ་ཉི་ཞི་ཡཱའི་ནམ་ཟླ་དང་གནམ་གཤིས། ས་ཁམས་དངོས་ལུགས་ཅུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ས་དེའི་ཚེས་ཉེར་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་གཉིས་སྟེང་བྱུང་ཞིང་། ས་ཡོམ་བྱུང་ས་གཙོ་བོ་དེ་མཱ་ལུའུ་ཀུའུ་བྱང་མ་ཞིང་ཆེན་གྱི་མའོ་ལོ་ཐེ་གླིང་ཕྲན་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་སོ་གསུམ་ཡོད་པའི་མཚོ་ཁོངས་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་བཅུ་གཉིས་ཡོད་ཟེར། ལས་ཁུངས་དེས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད། 

གཞན་ཡང་ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གསུམ་ཡིན་པ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་གོ་བདུན་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱ་ཞི་བདེ་རྒྱ་མཚོ་ཆེན་མོས་མཐའ་ནས་བསྐོར་བའི་ས་ཁུལ་དུ་གནས་ཤིང་། ལོ་རེར་ས་ཡོམ་ཆེ་ཆུང་མི་འདྲ་བ་སྟོང་གཅིག་ལྷག་འབྱུང་བཞིན་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བར། ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་དབུས་མ་ཞིང་ཆེན་གྱི་ཏུང་ཅཱ་ལཱ་རྫོང་ནས་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་བ་དང་། ས་ཡོམ་དང་དེ་ལས་བྱུང་བའི་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་ལས་མི་སྟོང་གཉིས་ལྷག་རྐྱེན་ལམ་དུ་ཤོར་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།