དབྱི་རག་གི་མགོ་ཁྲིད་པས་ཚེས་ཉེར་གཉིས་ཉིན་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་མཉམ་དུ་མཐའ་མཚམས་ཀྱི་གནས་བབ་དང་ཕྱོགས་གཉིས་ཀྱི་མཉམ་ལས། ས་ཁུལ་གྱི་བདེ་འཇགས་གནད་དོན་སོགས་ལ་གྲོས་བསྡུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་དཔལ་འབྱོར། རིག་གནས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
དབྱི་རག་གི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་ཡིས་པཱ་ཀ་ཏཱ་ནས་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། གྲོས་མོལ་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་དགོས། དབྱི་རག་དང་དབྱི་ལིང་གིས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཤུགས་སྣོན་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།
དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་ཡིས་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་ལ་ཐུག་འཕྲད་བྱེད་སྐབས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་དཔལ་འབྱོར། རིག་གནས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ཉིན་དེའི་སྔ་དྲོར། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ད་རུང་དབྱི་རག་གི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧི་སེ་ཡུན་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནས་བབ་དང་ལྕགས་ལམ་གྱི་སྦྲེལ་མཐུད་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། དབྱི་ལིང་གིས་སོ་ཏི་ཨ་རབ་དང་ཨེ་ཅིབ་བར་གྱི་འབྲེལ་བ་སླར་གསོ་བྱེད་པར་རེ་སྒུག་བྱེད་པ་དང་། དབྱི་ལིང་གིས་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་སོ་སོའི་ལྟ་ཚུལ་མཐུན་སྦྱོར་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཉེ་བའི་ལོ་འགའི་རིང་ལ། དབྱི་རག་དང་དབྱི་ལིང་གི་མཐོ་རིམ་བར་གྱི་འཚམས་འདྲིའི་འགྲོ་འོང་ཇེ་མང་དུ་སོང་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡང་དུས་ངེས་མེད་དུ་རྒྱལ་ཁོངས་བརྒལ་བའི་དྲག་ཆས་ཚོགས་ཁག་གི་གནོད་པ་ཐེབས་བཞིན་ཡོད། དབྱི་ལིང་གིས་སྔོན་ཆད་དབྱི་རག་གི་མངའ་ཁོངས་སུ་འགུལ་སྐྱོད་བྱེད་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པར་སྐྱོན་འཛུགས་བྱས་པར་མ་ཟད། དེ་རྒྱུ་མཚན་དུ་བྱས་ནས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་རྒྱལ་ཁོངས་བརྒལ་ནས་ཆམ་ཕབ་བཏང་བར་དབྱི་རག་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་མྱོང་།
བསོད་ནམས་ཚེ་རིང་གིས་བསྒྱུར།