དབྱི་སི་རལ་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་འཐབ་འཛིང་གནམ་གྲུ་མངག་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཉིན་དེའི་སྔ་དྲོར་ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ལ་རྒོལ་ལན་སྤྲད།
ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གི་ཅཱ་ཧྲའི་བྱང་ཕྱོགས་དང་དབུས་ཕྱོགས་ས་ཁུལ་དུ་གནས་པའི་སྡོད་གནས་མང་བོར་བར་སྣང་འཇབ་རྒོལ་བྱས། མིག་སྔར་གནས་སྐབས་སུ་མི་སྣར་ཤི་རྨས་བཟོས་པའི་སྙན་ཞུ་བསྒྲགས་མེད་ཟེར།
དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པར་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་དུ་ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་དྲུག་གི་འཇབ་རྒོལ་ཐེབས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེའི་ནང་འཕུར་མདའ་ལྔ་བཀག་ཡོད་ལ། གཞན་ཡང་མེ་ཤུགས་འཕུར་མདའ་གཅིག་ས་སྟོང་དུ་ལྷུང་བ་རེད། དོན་དེར་རྒོལ་ལན་སྤྲོད་ཆེད་དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་དེའི་རྗེས་སུ་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས་པ་ཡིན་ཟེར།
མིག་སྔའི་བར་དུ་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད།
ཉིས་སྟོང་ཉེར་གསུམ་ལོའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་གྱི་ས་ཁུལ་མང་བོ་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་ནས་མི་སྣར་ཤི་རྨས་བཟོས་ཡོད་ལ། ཡེ་ལུའུ་སཱ་ལེམ་ནས་ཀྱང་དབྱི་སི་རལ་གྱི་མིར་དམིགས་པའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཐེངས་མང་བྱུང་ཡོད། ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་བར་གྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་གྱིས་ཀྱང་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།