ཆིན་ཀང་གིས་ཨུ་རི་སི་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་ཨ་ལེ་དབྱི་ནེ་ཁི་ལ་ཁ་པར་བཏང་།
2023.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་ཨུ་རི་སི་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་ཨ་ལེ་དབྱི་ནེ་ཁི་ལ་ཁ་པར་བཏང་།

ཆིན་ཀང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་གཉིས་ཀྱི་ན་ནིང་ཟླ་དགུ་པར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སཱ་མཱ་ཨར་ཧན་རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཨུ་རི་སི་དཀར་པོའི་འབྲེལ་བ་དེ་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྱུར་པ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་མངོན་འགྱུར་བྱས། ཀྲུང་གོས་ཨུ་རི་སི་དཀར་པོ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འདུ་ཤེས་གལ་ཆེན་དངོས་འབེབས་བཟང་པོ་དང་། མཐོ་རིམ་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་ཡིན་ལ། གཙོ་འཛིན་གྱི་ཕྱི་འབྲེལ་ཐབས་ཇུས་སྣེ་ཁྲིད་དུ་བྱས་ཏེ། ཆབ་སྲིད་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་ལྷག་པ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རི་སི་དཀར་པོར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་བརྟན་འཇགས་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་ཆེད་འབད་པ་བྱེད་རྒྱུ་མ་ཟད། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་ཨུ་རི་སི་དཀར་པོར་ཁྲིམས་འགལ་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།

ཨ་ལེ་དབྱི་ནེ་ཁི་ཡིས་བཤད་རྒྱུར། ཨུ་རི་སི་དཀར་པོས་ཐོག་མཐའ་བར་གསུམ་དུ་ཨུ་རི་སི་དཀར་པོ་དང་ཀྲུང་གོའི་འབྲེལ་བ་ཕྱི་འབྲེལ་གྱི་སྔོན་སྐྱོད་ཁ་ཕྱོགས་སུ་བཟུང་སྟེ། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་། ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་སྟེང་འགྱུར་བ་མེད་པར་ཀྲུང་གོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཨུ་རི་སི་དཀར་པོ་དང་ཀྲུང་གོའི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་མདུན་སྐྱོད་སྐུལ་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཐུན་མོང་གི་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཆིན་ཀང་གིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས་ཞེས་པའི་ཡིག་ཆ་མཚམས་སྦྱོར་བྱས་ཏེ། ཀྲུང་གོ་དུས་ནམ་ཡང་ཞི་བདེ་དང་མཉམ་དུ་གནས་པ་ནན་བཤད་བྱས་ལ། འདུམ་འགྲིག་དང་གྲོས་མོལ་ལ་འབད་པ་བྱེད་པར་རྒྱབ་སྐྱོར་དང་། འབྲེལ་ཡོད་ཕྱོགས་སོ་སོས་ཚུལ་མཐུན་གྱི་བཟོད་སྒོམ་རྒྱུན་སྲུང་བྱས་ཏེ།  ཉེན་ཁ་རིམ་འཕར་དང་རྒྱ་ཡན་དུ་འགྲོ་བར་གཡོལ་ཐབས་བྱེད་པ། སྔ་མོ་ནས་གྲོས་མོལ་བྱེད་མགོ་རྩོམ་པ་དང་། ཕན་ཚུན་ལ་བརྩི་འཇོག་བྱེད་དགོས་པའི་སྐུལ་མ་བཏང་། 

ཨ་ལེ་དབྱི་ནེ་ཁི་ཡིས་བཤད་རྒྱུར། ཨུ་རི་སི་དཀར་པོ་ཕྱོགས་ཀྲུང་གོ་ཕྱོགས་ཀྱི་ཡིག་ཆར་ཡོངས་སུ་འཐད་པ་མ་ཟད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་འབྲེལ་ཡོད་འདོད་ཚུལ་དེ་ཉེན་ཁ་སེལ་བར་དོན་སྙིང་གལ་ཆེན་ལྡན་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།