ཁུ་པ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཨ་མེ་རི་ཁས་ཀོན་ཐ་ནཱ་མོ་མཚོ་ཁུགས་ཀྱི་ས་ཆ་ཁག་གཅིག་ཁྲིམས་འགལ་ངང་བཙན་བཟུང་བྱས་ནས་ལོ་བརྒྱ་དང་ཉི་ཤུ་འཁོར་བར་རྒོལ་གཏམ་བཏང་།
2023.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་ཟི-ཁ་ནེ་ཨར་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁས་ཀོན་ཐ་ནཱ་མོ་མཚོ་ཁུགས་མངའ་ཁོངས་ཀྱི་ས་ཆ་ཁག་གཅིག་ཁྲིམས་འགལ་ངང་བཙན་བཟུང་བྱས་ནས་ལོ་བརྒྱ་དང་ཉི་ཤུ་འཁོར་བར་རྒོལ་གཏམ་བཏང་།

ཏིས་ཡ་ཟི-ཁ་ནེ་ཨར་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ཁྲིམས་འགལ་གྱི་སྦྱོར་བ་སྤེལ་ནས། “གྲི་ཐུང་ཞིག་ཁུ་པའི་གཞོགས་སུ་བཙུགས་ནས་ལོ་བརྒྱ་དང་ཉི་ཤུ”འགོར་ཡོད་ཅིང་། ཨ་མེ་རི་ཁས་ད་དུང་ས་གནས་དེ་གར་བཙུགས་པའི་ཀོན་ཐ་ནཱ་མོའི་དམག་དོན་རྟེན་གཞི་དེ་ཁྲིམས་འགལ་ངང་བཙོན་ཁང་དུ་བསྒྱུར་ནས། ཁུ་པ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་ཟེར།

ཉིན་དེར་ཁུ་པ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལོ་ཏི་ལིས་ཀི་ཟི་ཡིས་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ལོ་བརྒྱ་དང་ཉི་ཤུའི་རིང་ལ། ཨ་མེ་རི་ཁས་ཁུ་པའི་མི་དམངས་ཀྱི་འདོད་བློ་དང་རྒྱབ་འགལ་བྱས་ནས། ཀོན་ཐ་ནཱ་མོ་མཚོ་ཁུགས་མངའ་ཁོངས་ཀྱི་ས་ཆ་ཁག་གཅིག་བཙན་བཟུང་བྱས་པའི་སྦྱོར་བ་དེའི་རིགས་ངེས་པར་དུ་སྤེལ་མཚམས་འཇོག་དགོས་ཟེར།

1903ལོའི་ཟླ2པའི་ཚེས23ཉིན། ཨ་མེ་རི་ཁས་བཙན་ཤེད་ཀྱིས་ཁུ་པའི་ཤར་ལྷོ་རྒྱུད་ཀྱི་འཐབ་ཇུས་ཀྱི་གནད་ས་སྟེ། ཀོན་ཐ་ནཱ་མོ་མཚོ་ཁུགས་ཀྱི་མངའ་ཁོངས་ཁག་ཅིག་གླས་ནས་དམག་དོན་རྟེན་གཞི་བཙུགས། 1959ལོར་ཁུ་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་རྗེས། ཁུ་པ་སྲིད་གཞུང་གིས་ཀོན་ཐ་ནཱ་མོ་མཚོ་ཁུགས་སུ་ཡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་མེད་པར་གཏོང་དགོས་པའི་འབོད་སྐུལ་མཐའ་གཅིག་ཏུ་བཏོན་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱི་བོགས་དངུལ་དང་ལེན་མ་བྱས་པར། ཨ་མེ་རི་ཁའི་དམག་མི་གནས་དེ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན། 2002ལོར། ཨ་མེ་རི་ཁའི་དམག་གིས་ཀོན་ཐ་ནཱ་མོ་མཚོ་ཁུགས་ཀྱི་དམག་དོན་རྟེན་གཞི་རུ་བཙོན་ཁང་བསྐྲུན།

བན་དེ་སྐྱབས་ཀྱིས་བསྒྱུར།