རྒྱ་གར་གྱི་ཙུང་ལི་མོ་ཏེ་ཡིས་ཚེས་ཉེར་བཞི་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲུང་དང་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོའི་གྲོས་ཚོགས་སྟེང་བརྙན་རིས་གཏམ་བཤད་སྤེལ་ནས། འཛམ་གླིང་གི་དཔལ་འབྱོར་ལས་ཁུངས་གཙོ་བོས་བྱེད་ཐབས་སྤྱད་དེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་བརྟན་འཇགས་དང་ཡིད་ཆེས། འཕར་སྣོན་བཅས་སླར་གསོ་བྱེད་རྒྱུའི་འབོད་སྐུལ་བཏང་།
མོ་ཏེ་ཡིས་བརྙན་རིས་གཏམ་བཤད་ནང་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་བཟོས་པའི་གནོད་པ་དང་ས་གཤིས་ཆབ་སྲིད་ཀྱི་ཛ་དྲག་གནས་བབ་ཚབས་ཇེ་ཆེར་འགྲོ་བ། འཛམ་གླིང་ཡོངས་ཀྱི་མཁོ་འདོན་ཕྲེང་འབྲེལ་ཆད་པ། དངུལ་ལོར་འགྲེམ་ཐལ་ཤོར་བ། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ཀྱི་གནད་དོན། རྒྱུན་བསྲིང་མི་ཆོག་པའི་བུ་ལོན་ཆུ་ཚད། རྒྱལ་སྤྱིའི་དངུལ་རྩའི་ལས་ཁུངས་ཀྱི་ཡིད་རྟོན་ཚད་ཇེ་དམའ་རུ་སོང་བ་སོགས་འགྲན་རྩོད་རབ་དང་རིམ་པར་འཕྲད་ཡོད། འཛམ་གླིང་གི་དཔལ་འབྱོར་ལས་ཁུངས་ཀྱིས་ངེས་པར་དུ་བཟོད་སྒོམ་རང་བཞིན་ལྡན་པའི་གྲོས་རིམ་སྒྲིག་བཟོ་བྱས་ནས། ལས་རིགས་སོ་སོས་འཛམ་གླིང་དཔལ་འབྱོར་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཟེར།
ཐེངས་འདིའི་གྲོས་ཚོགས་ལ་རྒྱ་གར་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཞི་ཐ་ལ་མན་དང་རྒྱ་གར་ཉར་གསོག་དངུལ་ཁང་གི་དཔོན་པོ་ཧྲ་ཀི་ཏེ་ཁན་ཐཱ.ཏ་སི་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས།
ཞི་ཐ་ལ་མན་གྱིས་གྲོས་ཚོགས་སྟེང་གཏམ་བཤད་སྐབས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཁ་གསབ་དགེ་མཚན་འདོན་སྤེལ་བྱེད་པ་མ་ཟད་རྒྱལ་ཁབ་སོ་སོའི་དགོས་མཁོ་དང་རྒྱལ་ཁབ་སོ་སོའི་གནས་ཚུལ་མི་འདྲ་བར་ཟུང་འབྲེལ་བྱས་ནས། འཛམ་གླིང་མི་དམངས་ཀྱི་འཚོ་བ་བསྒྱུར་དགོས་ཟེར།
ཏ་སི་ཡིས་ཀྱང་གྲོས་ཚོགས་ཡུལ་དངོས་ནས་གཏམ་བཤད་དེ་བསྟན་དོན། ངེས་གཏན་མེད་པའི་རྒྱུ་རྐྱེན་གྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་གནོད་པ་བཟོས་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ངེས་པར་དུ་དངུལ་རྩ་དང་བུ་ལོན། ནམ་ཟླའི་དངུལ་བསྲེས། ཉོ་ཚོང་སོགས་ཕྱོགས་ཀྱི་འགྲན་རྩོད་ཆེན་པོར་མཐའ་གཅིག་ཏུ་ཁ་གཏད་འཇལ་དགོས་ཟེར།
དུས་ཡུན་ཉིན་གཉིས་ཀྱི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གྲོས་ཚོགས་ཚེས་ཉེར་བཞི་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་པན་ཅ་ལོར་ནས་བསྡུ་འགོ་བརྩམས་པ་དང་། དེ་ནི་རྒྱ་གར་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་རྗེས་བསྡུས་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག་མ་རེད།
རིན་ཆེན་མཚོས་བསྒྱུར།