རྒྱ་གར་གྱི་ཀྲུང་དབྱང་མངའ་སྡེའི་ཞེ་ཐིས་ས་ཁུལ་དུ་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཨར་འདམ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་གི་སྐྱ་བ་གས་རྗེས་ཁ་ལོ་བྱེད་ཐབས་བྲལ་ནས། ལམ་འགྲམ་དུ་བཞག་པའི་སྤྱི་སྤྱོད་རླངས་འཁོར་གསུམ་ལ་ཐོབ་བརྒྱབ་པས། མི་བརྒྱད་དེ་མ་ཐག་རྐྱེན་ལམ་དུ་ཤོར། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་པ་དང་། མི་དྲུག་ལ་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཚེ་ལས་འདས་པ་རེད་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འདས་པོ་དེ་དག་འདུ་ཚོགས་ཤིག་ལ་ཞུགས་ནས་ཕྱིར་རང་ཁྱིམ་དུ་འགྲོ་བའི་ལམ་བར་ནས་དོན་རྐྱེན་བྱུང་བ་རེད་ཟེར། ཉེན་རྟོག་ཕྱོགས་ཀྱིས་འགྲིམ་འགྲུལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།
གཞུང་ལམ་མི་བདེ་བ་དང་ཁ་ལོ་བ་མྱུར་ཚད་ལས་བརྒལ་བའམ་ཐེག་ཚད་ལས་བརྒལ་བ་སོགས་སྒྲིག་འགལ་བྱ་སྤྱོད་དབང་གིས་རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། རྒྱ་གར་དུ་ལོ་རེར་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་འགྲིམ་འགྲུལ་དོན་རྐྱེན་ལས་ཚེ་སྲོག་ཤོར་བཞིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།