པཱ་པུའུ་ཡཱ་ཞིན་ཀེའུ་ནེ་ཡཱ་རུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་། 
2023.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་པཱ་པུའུ་ཡཱ་ཞིན་ཀེའུ་ནེ་ཡཱའི་ཞིན་པུའུ་ལེ་ཏིན་གླིང་ཕྲན་དུ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་། མིག་སྔར་ད་རུང་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད། 

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་ཡོམ་ཆ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ཚེས་ཉེར་དྲུག་ཉིན་གྱི་དུས་ཚོད་བདུན་དང་སྐར་མ་ཉེར་བཞིའི་སྟེང་བྱུང་ཞིང་། ས་ཡོམ་བྱུང་ས་གཙོ་བོ་ནི་ཞིན་པུའུ་ལེ་ཏིན་གླིང་ཕྲན་གྱི་ཁན་ཏི་ལི་ཨན་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་ཉེར་དགུའི་མཚམས་ཡིན་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་སོ་བརྒྱད་ཙམ་ཡོད་ཟེར། ས་གཤིས་རྟོག་དཔྱོད་ཅུའུ་ཡིས་དེའི་སྔོན་ཚད་འཇལ་བྱས་པ་ལྟར་ན་ས་ཡོམ་དེ་ནི་ཚད་རིམ་དྲུག་དང་གྲངས་ཆུང་ལྔ་ཡིན་ཡང་། དེའི་རྗེས་སུ་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ལ་བཅོས་པ་རེད་ཟེར། 

ཞི་བདེ་རྒྱ་མཚོ་ལྷོ་མའི་རྒྱ་མཚོ་འཕྱུར་བའི་ཉེན་གཏོང་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལ་དམིགས་ནས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད། 

པཱ་པུའུ་ཡཱ་ཞིན་ཀེའུ་ནེ་ཡཱ་དེ་སྐམ་ས་ཆེན་མོའི་འབྲེལ་མཚམས་སུ་གནས་ཡོད་ལ། ཞི་བདེ་རྒྱ་མཚོའི་མེ་རི་ཁུལ་དུ་ཡོད་པས་ས་ཡོམ་མང་དུ་འབྱུང་བཞིན་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།