
པའོ་ཧེ་གྲོས་ཁང་འཐུས་མིའི་ཁང་གི་རེས་སྐོར་ཀྲུའུ་ཞི་ཙི་ཝེ་ཙི་ཏིས་ཆི་ཡིས་ཚེས་ཉེར་བཞི་ཉིན་བསྟན་དོན། པའོ་ཧེ་ཡིས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་བཟང་བོ་དཔེར་བཟུང་སྟེ། པའོ་ཧེ་དང་ཀྲུང་གོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་བྱེད་འདོད་ཡོད་ཟེར།
པའོ་ཧེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཅི་ཕེན་གྱིས་ཉིན་དེར་པའོ་ཧེའི་གྲོས་ཁང་ཐོག་ཁང་ཆེན་མོ་ནས་ཙི་ཝེ་ཙི་ཏིས་ཆི་དང་གྲོས་མོལ་བྱས། ཙི་ཝེ་ཙི་ཏིས་ཆི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། པའོ་ཧེ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་ལ། ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་བཞིན་ཡོད། བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱིས་པའོ་ཧེ་དང་ས་ཁུལ་དེའི་རྒྱལ་ཁབ་དག་གི་འཕེལ་རྒྱས་ཐད་གོ་སྐབས་གསར་བ་བསྐྲུན་ཡོད་པ་དང་། པའོ་ཧེ་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་མཉམ་ལས་རྐྱེན་སྲོལ་འོག་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།
ཅི་ཕེན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་པའོ་ཧེ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས། ཀྲུང་གོ་ཕྱོགས་ཀྱིས་པའོ་ཧེ་ཡི་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ་དང་། པའོ་ཧེའི་མི་དམངས་ཀྱིས་རང་འགུལ་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་བགྲོད་ལམ་གདམ་གསེས་བྱེད་པར་བརྩི་འཇོག་བྱེད་ལ། འབྲེལ་ཡོད་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་སྒྲོམ་གཞིའི་འོག་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།