ཕོ་ལན་གྱི་རྡོ་སྣུམ་ཀུང་ཟི་ཡིས་ཨུ་རུ་སི་ཡིས་ཕོ་ལན་དུ་རྡོ་སྣུམ་སྐྱེལ་འདྲེན་བྱེད་མཚམས་བཞག་ཡོད་པའི་ཚུལ་བསྟན། 
2023.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕོ་ལན་གྱི་ཨོ་ལོན་རྡོ་སྣུམ་ཀུང་ཟི་ཡིས་ཉེ་སྔོན་བཤད་རྒྱུར། ཨུ་རུ་སི་ཡིས་མཛའ་བརྩེའི་སྣུམ་འདྲེན་སྦུག་ལམ་བརྒྱུད་དེ་ཕོ་ལན་དུ་རྡོ་སྣུམ་མཁོ་འདོན་བྱེད་མཚམས་བཞག་ཡོད་ཟེར། མཛའ་བརྩེའི་སྣུམ་འདྲེན་སྦུག་ལམ་ནི་ཨུ་རུ་སི་ཡིས་ཡོ་རོབ་གླིང་དབུས་མ་དང་ཡོ་རོབ་གླིང་ཤར་མར་རྡོ་སྣུམ་སྐྱེལ་འདྲེན་བྱེད་སའི་སྦུག་ལམ་མ་ལག་ཆེན་པོ་ཞིག་ཡིན་ཞིང་། སྦུག་ལམ་དེ་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་སཱ་མཱ་ལཱ་མངའ་སྡེ་ནས། བྱང་གི་ལམ་ཐིག་དེ་ཨུ་རུ་སི་དཀར་པོ་བརྒྱུད་དེ་ཕོ་ལན་དང་འཇར་མན་དུ་འཐེན་ཡོད་པ་དང་། ལྷོ་ཡི་ལམ་ཐིག་དེ་ཝུའུ་ཁི་ལན་བརྒྱུད་དེ་ཅེ་ཁི་དང་སི་ལོ་ཝ་ཁི། ཧང་ག་རི་བཅས་སུ་འཐེན་ཡོད། ཨུ་རུ་སི་ཡིས་ན་ནིང་ཟླ་གཉིས་པར་ཝུའུ་ཁི་ལན་ལ་དམིགས་བསལ་གྱི་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་ནུས་ཁུངས་རྩ་ཆེན་སྐྱེལ་འདྲེན་བྱེད་པར་གཏན་འགོག་བྱེད་པ་སོགས་འདུས་པའི་བཀག་སྡོམ་བྱེད་ཐབས་མང་དུ་ལག་བསྟར་བྱས་ཀྱང་། སྣུམ་འདྲེན་སྦུག་ལམ་དེར་བཀག་སྡོམ་བྱེད་ཐབས་ཀྱི་གནོད་པ་ཐེབས་མེད། 

ཨོ་ལོན་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཨོ་པཱ་དབྱེ་ཐི་ཁི་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཀུང་ཟི་ཡིས་དེའི་སྔོན་དོན་དེའི་ཆེད་དུ་གྲ་སྒྲིག་གང་ལེགས་བྱས་ཡོད། ང་ཚོས་མ་བཅོས་རྡོ་སྣུམ་བརྒྱ་ཆའི་བཅུ་ཙམ་མ་གཏོགས་ཨུ་རུ་སི་ནས་ནང་འདྲེན་བྱེད་བཞིན་མེད་པས། ནུས་ཁུངས་གཞན་པས་དེའི་ཚབ་བྱེད་ཐུབ་ཟེར། ཨོ་ལོན་ཀུང་ཟི་ཡིས་བསྟན་དོན། ཨུ་རུ་སི་ཡིས་གོང་གི་བྱ་སྤྱོད་དེ་ལས་ཕོ་ལན་ཚོང་རའི་རྡོ་སྣུམ་དང་ཁྲེ་སྣུམ་གྱི་མཁོ་འདོན་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།