དབྱི་ཐཱ་ལེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ཐཱ་ལེའི་ལྷོ་ཕྱོགས་མཚོ་ཁོངས་སུ་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པར་གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ཙམ་སྲོག་ཉེན་ལས་བསྐྱབས་ལ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
བསྒྲགས་པ་ལྟར་ན། དོན་རྐྱེན་མ་བྱུང་གོང་། གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་དེ་ཨེ་ཨོ་ནེ་ཡཱ་མཚོ་ཁོངས་བརྒྱུད་དེ་དབྱི་ཐཱ་ལེའི་ལྷོ་ཕྱོགས་ཀྱི་ཁཱ་ལཱ་པུའུ་ལི་ཡཱ་ས་ཁུལ་དུ་འགྲོ་རྩིས་རེད། སྲོག་ཉེན་ལས་ཐར་བའི་མིས་བཤད་པ་ལྟར་ན། གྲུ་གཟིངས་དེ་ཐེག་ཚད་ལས་བརྒལ་ཡོད་པ་དང་། མཚོ་ངོས་ཀྱི་རླུང་ཤུགས་ཆེན་པོ་མ་ཐེག་པར་མཇུག་མཐར་དུམ་བུ་གཉིས་སུ་གས་པ་རེད་ཟེར།
དབྱི་ཐཱ་ལེའི་ཉེན་རྟོག་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། གྲུ་གཟིངས་དེར་མི་ཉིས་བརྒྱ་ནས་ཉིས་བརྒྱ་ལྔ་བཅུ་དྲུད་ཡོད་པ་དང་། དེའི་ནང་མང་ཆེ་བ་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན། སིང་ག་ལཱ་བཅས་ནས་ཡོང་བ་རེད། དོན་རྐྱེན་བྱུང་སྐབས་གྲུ་གཟིངས་སྟེང་གི་འགྲུལ་བས་ཉེན་བརྡ་གཏོང་བའི་དུས་ཚོད་མེད་ལ། སྲོག་ཉེན་ལས་ཐར་བའི་མི་རྣམས་རང་ལུས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་འགྲམ་དུ་ཡོང་བ་རེད། འདས་པོའི་གྲས་སུ་བུད་མེད་དང་བྱིས་པ་འདུས།
གསར་འགོད་པས་གསར་འགྱུར་སྤེལ་རག་བར་དུ། ས་དེའི་ཉེན་རྟོག་ཕྱོགས་དང་མེ་གསོད་སྡེ་ཁག མྱུར་སྐྱོབ་སྡེ་ཁག་སོགས་ཀྱིས་སྔར་བཞིན་ཉེ་འདབས་མཚོ་ཁོངས་སུ་གར་སོང་མ་རྙེད་པིའ་མི་སྣ་འཚོལ་བཞིན་ཡོད་ལ། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
དུས་ཡུན་རིང་བོར། ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བ་མང་བོ་གྲུ་གཟིངས་ལ་བསྡད་དེ་ས་དཀྱིལ་མཚོ་ཁོངས་བརྒལ་ནས། དབྱི་ཐཱ་ལེ་བརྒྱུད་དེ་ཡོ་རོབ་གླིང་དུ་འགྲོ་རྩིས་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།