ཏའོ་ཀི་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ནད་བརྟག་བྱ་འགུལ་སྤེལ་མགོ་བརྩམས། 
2023.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཏའོ་ཀིའི་ཁཱ་ལཱ་གྲོང་ཁྱེར་ཕིས་ཡཱ་ས་ཁུལ་གྱི་སྨན་བཅོས་ལྟེ་གནས་ནས། ཏའོ་ཀི་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྐོར་ཐེངས་ཉེར་ལྔ་བའི་སྨན་བཅོས་རུ་ཁག་གིས་ས་དེའི་ནད་པར་བརྟག་བཅོས་བྱེད་བཞིན་པ། 

ཏའོ་ཀི་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྐོར་ཐེངས་ཉེར་ལྔ་བས་ཚེས་ཉེར་ལྔ་ཉིན་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཁི་ཀྲ་ཞིང་ཆེན་ཁཱ་ལཱ་གྲོང་ཁྱེར་ཕིས་ཡཱ་ས་ཁུལ་དུ་ནད་བརྟག་སྨན་བཅོས་བྱས་ཏེ། ས་དེའི་མང་ཚོགས་ལ་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། 

ཁཱ་ལཱ་གྲོང་ཁྱེར་དེ་རྒྱལ་ས་ལོ་མཱེ་བྱང་ངོས་ཀྱི་སྤྱི་ལེ་བཞི་བརྒྱ་ལྷག་གི་མཚམས་སུ་གནས་ཤིང་། འཕྲོད་བསྟེན་ཆ་རྐྱེན་རྗེས་ལུས་ཡིན་ལ་སྨན་བཅོས་ཐོན་ཁུངས་ཧ་ཅང་དཀོན། ནད་བརྟག་སྨན་བཅོས་ནི་གྲོང་ཁྱེར་དེའི་ཕིས་ཡཱ་ས་ཁུལ་གྱི་སྨན་བཅོས་ལྟེ་གནས་སུ་སྤེལ་བ་དང་། སྨན་བཅོས་རུ་ཁག་གི་ནང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག མོ་ནད་ཚན་ཁག རུས་ནད་ཚན་ཁག ཀྲུང་ལུགས་མེ་བཙའི་ཚན་ཁག་བཅས་ཀྱིས་ཉིན་དེར་བསྡོམས་པས་ནད་པ་དྲུག་བརྒྱ་ལྷག་ལ་ནད་བརྟག་བྱས་པ་དང་། སྨན་བཅོས་རུ་ཁག་གིས་ད་རུང་སྨན་བཅོས་ལྟེ་གནས་དེར་སྨན་བཅོས་མཁོ་དངོས་སྐོར་ཞིག་ཞལ་འདེབས་སུ་ཕུལ། 

ཐེངས་འདིའི་ནད་བརྟག་སྨན་བཅོས་བྱ་འགུལ་ལ་ས་དེའི་མང་ཚོགས་དང་སྨན་བཅོས་ལྟེ་གནས་ཀྱི་སྨན་བཅོས་མི་སྣའི་དགའ་བསུ་ཆེན་པོ་ཐོབ། སྨན་བཅོས་ལྟེ་གནས་ཀྱི་འགན་ཁུར་བ་ཨེ་སོ་པུའུ་ལུའུ་ཧྥེ་ཡས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཕུལ་དུ་བྱུང་བའི་གསོ་རིག་ལག་རྩལ་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་ཕན་བདེ་བསྐྲུན་པ་དང་། ས་དེའི་སྨན་བཅོས་མི་སྣས་བྱེད་སྒོའི་ཆུ་ཚད་མཐོར་འདེགས་བྱེད་པར་རོགས་རམ་བྱས་པར་མ་ཟད། ཞལ་འདེབས་ཕུལ་བའི་དངོས་རྫས་ཀྱིས་ཀྱང་སྨན་བཅོས་ལྟེ་གནས་ཀྱི་ཆ་རྐྱེན་ལེགས་བཅོས་བྱས་ཡོད་ཟེར། 

ཏའོ་ཀི་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྐོར་ཐེངས་ཉེར་ལྔ་བའི་ཁོངས་མི་ནི་ཧྲན་ཞི་ཞིང་ཆེན་ནས་ཡོང་བའི་སྨན་པ་བཅུ་བཞིས་གྲུབ་ཡོད་པ་དང་། རུ་མི་ཚོས་བསྟན་དོན། ད་ལོ་ནི་ཀྲུང་གོས་ཨ་ཧྥེ་རི་ཁའི་སྨན་བཅོས་ཐད་རོགས་སྐྱོར་བྱས་ནད་ལོ་ངོ་དྲུག་ཅུ་འགོར་བའི་ལོ་ཡིན་པ་དང་། ང་ཚོས་མུ་མཐུད་དུ་ཤུགས་ཆེན་པོས་དཀའ་ཁག་ལ་མི་འཛེམ་པ་དང་། གཏོང་ཕོད་ཆེ་བ། ཚེ་སྲོག་མྱུར་སྐྱོབ་བྱེད་པ། བརྩེ་བའི་སྙིང་རྗེ་ལ་ཕ་མཐའ་མེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་དར་སྤེལ་བྱས་ནས། ས་དེའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།