འདི་ནི་ཅོར་ཏན་གྱི་ཡཱ་ཁཱ་པཱ་གྲུ་ཁའི་རྒྱུ་ཆའི་པར་རིས་རེད།
ཟླ་དང་པོའི་ཚེས་ཉེར་བདུན་ཉིན། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ཤར་ངོས་ཀྱི་པེད་ཐི་ཏའེ་ཅན་གྲོང་སྡེ་ནས། ཕཱ་ལེ་སི་ཐན་གྱི་ངོ་རྒོལ་མཁན་དང་དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱུང་།
འདི་ནི་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་བྱེད་ས་ཅི་ཝ་ཐི་ཙེ་ཧྥུའུ་ནས་པར་བླངས་པའི་ཁང་བ་རེད།
ཅོར་ཏན་སྲིད་གཞུང་གི་དཔོན་རིགས་ཀྱིས་བདེན་དཔང་བྱས་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་མཐོ་རིམ་བདེ་འཇགས་དཔོན་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་ཅོར་ཏན་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་དྲག་ཤུགས་འཁྲུག་རྩོད་ཇེ་ཉུང་དུ་བཏང་ནས། ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་རྒྱུ་རེད་ཟེར།
གྲོས་མོལ་དེ་ཅོར་ཏན་ལྷོ་ཕྱོགས་ཀྱི་མཚོ་དམར་གྲུ་ཁའི་ཡཱ་ཁཱ་པཱ་གྲོང་ཁྱེར་ནས་སྤེལ་རྒྱུ་ཡིན་པ་དང་། ཚོགས་ཡུན་ཉིན་གཅིག་ཡིན་ཟེར། བདེ་འཇགས་དཔོན་རིགས་ཤིག་གིས་བཤད་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མི་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ལོ་ནིང་པཱ་ཨར་འདུས་ཡོད་ལ། ཨ་མེ་རི་ཁ་དང་ཨེ་ཅིབ་སྲིད་གཞུང་གི་འཐུས་མི་ཡང་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།
ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཉེ་སྔོན་ཛ་དྲག་ཏུ་འགྱུར་བཞིན་ཡོད་ཅིང་། ཡེ་ལུའུ་སཱ་ལེམ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ས་ཁུལ་མང་བོར་ཁྲག་བཞུར་དོན་རྐྱེན་བྱུང་ཡོད། ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་དང་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་རེ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དབྱི་སི་རལ་གྱི་མི་བཅུ་དང་ཝུའུ་ཁི་ལན་གྱི་མི་གཅིག་རྐྱེན་ལམ་དུ་ཤོར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་བར་གྱི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་མིར་དམིགས་པའི་ཆད་གཅོད་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས།
གནས་བབ་དེ་འདྲའི་འོག ཕཱ་ལེ་སི་ཐན་སྲིད་གཞུང་གིས་དབྱི་སི་རལ་བར་གྲོས་མོལ་བྱེད་རྒྱུ་ཐག་བཅད་པར་རྒྱལ་ནང་ནས་སྐྱོན་བརྗོད་གང་མང་ཐེབས་ཡོད། ཡིན་ཡང་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི་ཡིས་ཆོད་དོན་དེར་གོང་བཀུར་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཧྥ་ཐཱ་ཧི་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཡཱ་ཁཱ་པཱའི་གྲོས་མོལ་ལ་ཞུགས་པའི་ཆོད་དོན་དེ་ཁྲག་བཞུར་འཁྲུག་རྩོད་མཚམས་འཇོག་པའི་རེ་སྨོན་ལས་བྱུང་བ་ཡིན་ཟེར།
མིང་བཤད་མི་འདོད་པའི་ཅོར་ཏན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ལོ་མང་བོའི་རིང་ལ་འདི་ལྟ་བུའི་གྲོས་མོལ་ཞིག་སྤེལ་མྱོང་མེད་པ་དང་། ཁོ་ཚོ་མཉམ་དུ་འཛོམས་པར་བྱས་པ་ནི་གྲུབ་འབྲས་གལ་ཆེན་ཞིག་རེད་ཟེར། དཔོན་རིགས་དེས་བཤད་རྒྱུར། ཅོར་ཏན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་ཡིད་ཆེས་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་ཕཱ་ལེ་སི་ཐན་གྱི་མིའི་དཀའ་སྡུག་ལེགས་བཅོས་བྱེད་པའི་བདེ་འཇགས་དང་དཔལ་འབྱོར་གྱི་བྱེད་ཐབས་སྤྱོད་རྒྱུ་མ་ཟད། ཞོར་དུ་དབྱི་སི་རལ་གྱིས་ཕྱོགས་གཅིག་གི་བྱེད་ཐབས་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
སྐབས་འདིའི་དབྱི་སི་རལ་སྲིད་གཞུང་གིས་ན་ནིང་ཟླ་བཅུ་གཉིས་པར་ལས་འགན་ཁུར་བའི་རྗེས་སུ། མངོན་སུམ་འཛེམ་མེད་ཀྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་རྒྱ་བསྐྱེད་བྱ་བར་སྐུལ་འདེད་བཏང་བ་དང་། ཞོར་དུ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བཙན་བཟུང་བྱས་པའི་ཕཱ་ལེ་སི་ཐན་གྱི་ས་ཁོངས་ནས་གློ་བུར་བའི་སྔོག་བཤེར་བྱ་འགུལ་སྤེལ་བར་ཤུགས་སྣོན་བྱས་པས། ཕཱ་ལེ་སི་ཐན་གྱི་མིས་བསྟུད་མར་འཁོན་ལན་སློག་པའི་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དེ་ཁྲིམས་མཐུན་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ཏུ་གྲོས་ཆོད་གཉིས་གསུམ་གསུམ་བཞིར་གྲོས་མཐུན་བཀོད་དེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་ནས་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། དབྱི་སི་རལ་ཕྱོགས་ཀྱིས་གཏན་སྡོད་ས་ཁུལ་གྱི་བྱ་འགུལ་ཡོད་ཚད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།