ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་འཇོག་པའི་སྐོར་གྱི་བཅའ་ཁྲིམས་ལ་མིང་རྟགས་བཀོད།
ཨུ་རུ་སིའི་བཅའ་ཁྲིམས་ཆ་འཕྲིན་དྲ་ཚིགས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཡིག་ཆ་ལྟར་ན། བཅའ་ཁྲིམས་དེ་དངོས་སུ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ནུས་ལྡན་དུ་གྱུར་བ་དང་། ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་བཞག་པ་ཡིན་ལ། དུས་ནམ་ཞིག་ལ་སླར་གསོ་བྱེད་པ་དེ་ཨུ་རུ་སིའི་ཙུང་ཐུང་གིས་ཐག་གཅོད་བྱེད་དགོས་ཟེར།
ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན། ཕུའུ་ཅིན་གྱིས་མའོ་སི་ཁི་ནས་གྲོས་ཁང་གོང་འོག་གཉིས་ལ་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་པའི་སྐབས་སུ་ཁྱབ་བསྒྲགས་བྱས་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་བར་བཀོད་པའི་འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། ཨུ་རུ་སིའི་གྲོས་ཁང་ཞོལ་མ་དང་གྲོས་ཁང་གོང་མས་ཚེས་ཉེར་གཉིས་ཉིན་ཨུ་རུ་སི་ཡིས་འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་འཇོག་པའི་བཅའ་ཁྲིམས་འཆར་ཟིན་ལ་གཅིག་གྱུར་གྲོས་མཐུན་བཀོད་པ་རེད།
འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་ཆིངས་ཡིག་ནི་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་ལོར་བཀོད་པ་དང་། ཉིས་སྟོང་བཅུ་གཅིག་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན་ནུས་ལྡན་དུ་གྱུར་བ་ཡིན་ལ། ལག་བསྟར་ནུས་ཡུན་ལོ་ངོ་བཅུ་རེད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པའི་ཚེས་གསུམ་ཉིན། ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཕན་ཚུན་འབྲེལ་འདྲིས་བྱས་ཏེ། འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་ཆིངས་ཡིག་གི་ལག་བསྟར་ནུས་ཡུན་ཇེ་རིང་དུ་གཏོང་བའི་འབྲེལ་ཡོད་ལས་རིམ་ཡོངས་འགྲུབ་བྱས་པ་དང་། གྲོས་མཐུན་དེ་ནུས་ལྡན་དུ་གྱུར། ཆིངས་ཡིག་དེའི་ལག་བསྟར་ནུས་ཡུན་ཉིས་སྟོང་ཉེར་དྲུག་ལོའི་ཟླ་གཉིས་པའི་ཚེས་ལྔ་ཉིན་བར་ཇེ་རིང་དུ་བཏང་ཡོད། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་དེ་ཉིས་སྟོང་བཅུ་དགུ་ལོར་ནུས་མེད་དུ་གྱུར་རྗེས། ཆིངས་ཡིག་དེ་རྒྱལ་ཁབ་གཉིས་བར་གྱི་དམག་ཆས་ཚོད་འཛིན་གྱི་ཆིངས་ཡིག་གཅིག་པུར་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།