ཨུ་རུ་སིའི་ཕྱོགས་ཀྱིས་བྱང་ཆིངས་རྩ་འཛུགས་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱི་ཟབ་ཞུགས་མཁན་ཡིན་པའི་ཚུལ་བསྟན། 
2023.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་དེ་དོན་དངོས་སུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱི་ཟབ་ཞུགས་མཁན་ཡིན་པས། འཁྲུག་རྩོད་ལ་འདུམ་འགྲིག་བྱེད་པའི་ཐོབ་ཐང་མེད་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཝུའུ་ཁི་ལན་མཉམ་འབྲེལ་འགུལ་སྐྱོད་དམག་དཔུང་གི་དམག་སྤྱི་མའོ་སི་ཁཱ་ལེའོ་ཧྥུའུ་ཡི་ལས་འགན་བླངས་པ་རེད། 

ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་ཆ་འཕྲིན་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་རྒྱུན་དུ་ཨུ་རུ་སིར་མི་ཕན་པའི་གསང་འཕྲིན་འཚོལ་སྡུད་བྱས་པ་དང་། ཝུའུ་ཁི་ལན་ལ་སྔོན་ཐོན་མཚོན་ཆ་འདོན་སྤྲོད་བྱས། བྱང་ཆིངས་རྩ་འཛུགས་དེ་དོན་དངོས་སུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱི་ཟབ་ཞུགས་མཁན་དུ་གྱུར་ཡོད་ལ། ཨུ་རུ་སིའི་དགྲ་བོ་ཡིན་པའི་ཆ་ནས། འཁྲུག་རྩོད་ལ་འདུམ་འགྲིག་བྱེད་པའི་ཐོབ་ཐང་མེད་ཟེར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིའི་བརྙན་འཕྲིན་ཁང་དང་པོ་ནས་ཚེས་ཉེར་དྲུག་ཉིན་བཏང་བའི་ལེ་ཚན་ནང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་རིན་ཐང་མེ་སྒོར་དུང་ཕྱུར་མང་བོའི་མཚོན་ཆ་འདོན་སྤྲོད་བྱས་པ་དང་། དེ་ནི་དམག་དོན་ལག་རྩལ་གྱི་མཉམ་ལས་མ་ཡིན་པར་འཁྲུག་རྩོད་ནང་ཟབ་ཞུགས་བྱས་པ་མཚོན་ཡོད་ཟེར། 

ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་དཔོན་ཕྱོགས་གསལ་སྒྲོག་དང་སྤྱི་སྒྲོག་ཡིག་ཆ་ལྟར་ན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་བསྡོམས་པས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྣ་ཁྲི་གཅིག་ལྷག་ལག་བསྟར་བྱས། བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་ཨུ་རུ་སིར་དམིགས་ནས་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་སྟོང་གསུམ་དང་དྲུག་བརྒྱ་ལྷག་ཡོད་པ་དང་། ཨུ་རུ་སིའི་གསེར་གྱི་བཙོ་སྦྱངས་དང་མཁའ་འགྲུལ། ཉིང་རྡུལ་ནུས་པའི་བཟོ་ལས། དངུལ་ཁང་། བཟོ་སྐྲུན། རྡོ་སྣུམ། རང་བྱུང་སོལ་རླངས་སོགས་ལས་རིགས་ལ་འབྲེལ་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པ་ནས་བཟུང་ཨུ་རུ་སིར་བསྟུད་མར་བཀག་སྡོམ་བྱེད་ཐབས་སྐོར་ཐེངས་བཅུ་ལག་བསྟར་བྱས་ཏེ། བསྡོམས་པས་མི་སྒེར་དང་ཁེ་ལས་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་སྟོང་གཉིས་དང་ང་གཉིས་ཡོད། གཞན་ཡང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིར་དམིགས་ནས་བཀག་སྡོམ་བྱེད་ཐབས་མང་དུ་ལག་བསྟར་བྱས་ཡོད། 

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཝུའུ་ཁི་ལན་མཉམ་འབྲེལ་འགུལ་སྐྱོད་དམག་དཔུང་གི་དམག་སྤྱི་མའོ་སི་ཁཱ་ལེའོ་ཧྥུའུ་ཡི་ལས་འགན་བླངས་པ་དང་། དམག་དཔུང་དེས་མིག་སྔར་ཏོན་པཱ་སི་ས་ཁུལ་དུ་འཐབ་འཁྲུག་ལས་འགན་ལག་བསྟར་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཙེ་ལེན་སི་ཅི་ཡིས་ཝུའུ་ཁི་ལན་གྱི་སྲིད་འཛིན་ལས་ཁུངས་དང་ས་གནས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་མང་བོའི་ལས་འགན་བླངས་བ་རེད། ཝུའུ་ཁི་ལན་སྨྱན་བྱད་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན་མི་དོན་འགྱུར་ལྡོག་དེ་དག་ཉེ་དུས་ཀྱི་རུལ་སུངས་ངོ་རྒོལ་གྱི་རྟོག་ཞིབ་ལ་འབྲེལ་བ་ཡོད་པར་འདོད། 

ཝུའུ་ཁི་ལན་གྱི་ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་གཞི་གཅིག་ཅན་གྱི་ལས་དོན་གྱི་འགན་ཁུར་བའི་ཙུང་ལི་གཞོན་པ་སི་ཐི་ཧྥན་ནེ་ཞི་ནཱ་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ལ་ད་ལོའི་དཔྱིད་ཀར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཝུའུ་ཁི་ལན་གྱིས་བཅོས་བསྒྱུར་དངོས་འབེབས་སྐོར་གྱི་ཐོག་མའི་དཔྱད་འཇོག་འབྱོར་སྲིད་པ་དང་། ཝུའུ་ཁི་ལན་སྲིད་གཞུང་གིས་དཔྱད་འཇོག་གི་མཇུག་འབྲས་གཞིར་བཟུང་ནས་བཅོས་བསྒྱུར་འཕེལ་རིམ་ལེགས་སྒྲིག་བྱེད་རྒྱུ་ཡིན་ཟེར། ཝུའུ་ཁི་ལན་གྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཟུར་སྣོན་བསམ་འཆར་དང་གྲོས་གཞི་དངོས་འབེབས་བྱས་ཏེ། མྱུར་མོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།