ནེ་ཀྲི་རི་ཡཱའི་ཙུང་ལི་གསར་བ་འགྲན་རྩོད་ཆེན་པོར་འཕྲད་ཡོད། 
2023.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་གསུམ་པའི་ཚེས་གཅིག་ཉིན། ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས། ནེ་ཀྲི་རི་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་ཏིས་ནོའུ་པུའུ་དང་རྒྱབ་སྐྱོར་མཁན་གྱིས་མཉམ་དུ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། 

ཟླ་གསུམ་པའི་ཚེས་གཅིག་ཉིན། ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས། ནེ་ཀྲི་རི་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་ཏིས་ནོའུ་པུའུ་ཡིས་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་གཏམ་བཤད་སྤེལ། 

ནེ་ཀྲི་རི་ཡཱའི་རྒྱལ་ཁབ་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་གསུམ་པའི་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། སྲིད་འཛིན་ཏང་གོང་འཕེལ་ཚོགས་ཆེན་ཏང་གི་འདེམ་སྒུག་པ་ཏིས་ནོའུ་པུའུ་ལ་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་སྤེལ་བའི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས། ནེ་ཀྲི་རི་ཡཱའི་ཙུང་ཐུང་དུ་བདམས་ཡོད་ཟེར། དབྱེ་ཞིབ་མི་སྣས་བསྟན་དོན། མིག་སྔར་ནེ་ཀྲི་རི་ཡཱའི་དཔལ་འབྱོར་འཕར་ཚད་དལ་བ་དང་། འཇབ་རྒོལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད་ལ། ཕྱོགས་དེ་གཉིས་ཀྱི་ཛ་དྲག་གི་འགྲན་རྩོད་ཇི་ལྟར་ཐག་གཅོད་བྱེད་པ་ནི་ཏིས་ནོའུ་པུའུ་ཡིས་སྲིད་བསྐྱངས་རྗེས་འཕྲད་སྲིད་པའི་ཉམས་སད་གལ་ཆེན་ལ་འཕྲད་ངེས་རེད་ཟེར། 

དབྱེ་ཞིབ་མི་སྣས་བལྟས་ན། གནས་ཚུལ་དེ་རིགས་ཏིས་ནོའུ་པུའུ་ལ་མཚོན་ནའང་གནོན་ཤུགས་ཤིག་ཡིན་ལ། མ་འོངས་པའི་ལོ་ངོ་བཞིའི་སྲིད་འཛིན་དཔུང་སྡེ་ཡིས་དཔལ་འབྱོར་དམངས་འཚོ་དང་བདེ་འཇགས་སོགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁྱབ་ཁོངས་ནས་མི་རྣམས་ཀྱི་རེ་འདུན་དང་འཚམ་པའི་གྲུབ་འབྲས་ཤིག་ལེན་དགོས་པར་འདོད་ཡོད། 

ནེ་ཀྲི་རི་ཡཱའི་ཨ་པུའུ་ཅཱ་སློབ་ཆེན་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་བའི་སྡེ་ཁག་གི་དགེ་རྒན་ཆེན་མོ་ཅཱ་ལེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཏིས་ནོའུ་པུའུ་ལ་མཚོན་ན། དམངས་གཙོའི་ཁྱབ་ཁོངས་ཀྱི་འགྲན་རྩོད་ཧ་ཅང་གལ་ཆེན་ཡིན་ལ། དབུལ་ཕོངས་གནད་དོན་དང་ཚད་མཐོ་བའི་ལས་ཤོར། དངུལ་ལོར་ཚད་བརྒལ་འགྲེམ་པ། ཕྱི་དངུལ། གློག་ཤུགས་དཀོན་པ་སོགས་འདུས་ཡོད་ཟེར། 

བདེ་འཇགས་གནད་དོན་ནི་ནེ་ཀྲི་རི་ཡཱའི་དུས་ཡུན་རིང་བོའི་ནད་རྙིང་ཞིག་ཡིན་པ་དང་། ཏིས་ནོའུ་པུའུ་ཡིས་གདོང་གཏོད་དགོས་པའི་འགྲན་རྩོད་གལ་ཆེན་གཞན་ཞིག་ཀྱང་རེད། ཉེ་བའི་ལོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་མདུན་དུ་ལྷགས་པའི་བདེ་འཇགས་འཇིགས་ཉེན་གཙོ་བོ་ནི་བྱང་ཤར་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་། དབྱི་སི་ལན་རྒྱལ་ཁབ་ཀྱི་ཨ་ཧྥེ་རི་ཁ་ནུབ་པའི་ཞིང་ཆེན། ནུབ་བྱང་ཕྱོགས་ཀྱི་དྲག་ཆས་ཇག་ཚོགས། ལྷོ་ཕྱོགས་ཀྱི་བཙན་ཁྲིད་ཚོགས་ཁག ཁ་བྲལ་སྟོབས་ཤུགས་བཅས་ཡོད་ལ། མཚོ་འགྲམ་ས་ཁོངས་ཀྱི་མཚོ་ཇག་རྩ་འཛུགས་སོགས་ཡོད། 

ཅཱ་ལེ་ཡིས་བསྟན་དོན། ནེ་ཀྲི་རི་ཡཱ་མིག་སྔར་བདེ་འཇགས་ཀྱི་འགྲན་རྩོད་གལ་ཆེན་ལ་འཕྲད་ཡོད། དམག་ཕྱོགས་ཀྱིས་བསྟུད་མར་ཐལ་སྤྱོད་རྩ་འཛུགས་དང་དྲག་ཆས་ཇག་ཚོགས་ལ་ཆམ་ཕབ་བཏང་ཡང་། འཇབ་རྒོལ་དོན་རྐྱེན་སྔར་བཞིན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད། རྒྱལ་ཁབ་དེའི་བདེ་འཇགས་གནད་དོན་ཚབས་ཆེན་དུ་གྱུར་ནས་ཡུན་རིང་འགོར་ཡོད་པ་དང་། དེའི་ལྟག་རྒྱབ་ཀྱི་རྒྱུ་རྐྱེན་རྙོག་འཛིང་ཆེ་བས། ཐག་གཅོད་བྱེད་པ་དེ་འདྲའི་ལས་སླ་མོ་ཞིག་མ་ཡིན། མ་འོངས་པར་ཏིས་ནོའུ་པུའུ་ཡིས་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་འདོན་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།