དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན་བསྟན་དོན། འཇར་མན་གྱི་ཕྱི་འབྲེལ་དཔོན་པོ་གཉིས་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་ཏེ་རང་གི་མངའ་ཁོངས་ནས་མཐར་སྐྲོད་བཏང་ཡོད་ཟེར།
ཁཱ་ནཱ་ནེ་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འཇར་མན་གྱི་ཕྱི་འབྲེལ་དཔོན་པོ་དེ་གཉིས་མཐར་སྐྲོད་གཏོང་བའི་རྒྱུ་རྐྱེན་ནི་འཇར་མན་སྲིད་གཞུང་གིས་དབྱི་ལིང་གི་ནང་སྲིད་དང་ཁྲིམས་འཛིན་ལས་དོན་ལ་ཐེ་གཏོགས་བྱས་ཏེ་འགན་མི་ཁུར་བའི་བྱ་སྤྱོད་སྤེལ་བས་ཡིན་ཟེར།
འཇར་མན་ཕྱི་འབྲེལ་པུའུ་ཡིས་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་གཉིས་མཐར་སྐྲོད་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཏེ། དབྱི་ལིང་གིས་འཇར་མན་དང་དབྱི་ལིང་གི་རྒྱལ་ཁོངས་ཟུང་ལྡན་གྱི་ཐོབ་ཐང་ལྡན་པའི་སྤྱི་དམངས་ཤིག་ལ་སྲོག་ཁྲིམས་བཅད་པར་རྒོལ་ལན་སྤྲད།
དབྱི་ལིང་ཁྲིམས་འཛིན་སྡེ་ཁག་གིས་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ཧྲ་ཨར་མཱ་ཧི་ཏི་ལ་སྲོག་ཁྲིམས་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེའི་ཉེས་མིང་ནི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་འཆར་འགོད་དང་བཀོད་འདོམ་བྱས་པ་དེ་རེད། འཇར་མན་སྲིད་གཞུང་གིས་དབྱི་ལིང་གིས་ཧྲ་ཨར་མཱ་ཧི་ཏིའི་སྲོག་ཁྲིམས་ཆོད་དོན་རྩིས་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད་ལ། འཇར་མན་གྱི་སྤྱི་དམངས་ཁེ་དབང་ལ་གནོད་པ་ཆེན་པོ་བཟོ་བའི་བྱ་སྤྱོད་དེ་རིགས་དང་ལེན་མི་བྱེད་པའི་ཚུལ་བསྟན། ཡིན་ཡང་དབྱི་ལིང་གིས་རང་གི་སྤྱི་དམངས་དེར་རྒྱལ་ཁོངས་ཟུང་ལྡན་གྱི་ཐོབ་ཐང་ཡོད་པ་ཁས་ལེན་མ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།