མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཟླ་གསུམ་པའི་ཚེས་གཅིག་ཉིན། པཱ་ཀ་ཏཱ་ནས་དབྱི་རག་གི་མགོ་ཁྲིད་པར་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དབྱི་རག་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
དབྱི་རག་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་རག་གི་ཙུང་ཐུང་ལཱ་ཞེ་ཏི་དང་ཀུའུ་ཐི་ལོས་སི་ཡིས་གྲོས་མོལ་བྱེད་སྐབས་དབྱི་རག་གི་བདེ་འཇགས་དང་གཏན་འཇགས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་དང་འགྲོ་སའི་ཁྱིམ་མེད་པའི་མི། དེ་མིན་ཆུའི་ཐོན་ཁུངས་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།
ལཱ་ཞེ་ཏི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བར་མཉམ་ལས་བྱས་ཏེ་འགྲོ་སའི་ཁྱིམ་མེད་པའི་མི་དང་ཆུའི་ཐོན་ཁུངས་གནད་དོན་ཐག་གཅོད་བྱེད་པར་རེ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། དབྱི་རག་ནི་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པ་ཆེས་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཆུ་དཀོན་པ་དང་ཐན་སྐྱོན། བྱེ་འགྱུར་ཅན་བཅས་ཀྱིས་ས་དེའི་མིའི་འཚོ་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། དབྱི་རག་གིས་འདྲ་མཉམ་གྱི་ཆུའི་ཐོན་ཁུངས་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་སའི་ཁྱིམ་མེད་པའི་མིར་རོགས་རམ་བྱས་ཏེ། དབྱི་རག་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ད་རུང་དབྱི་རག་གི་ཙུང་ལི་སུའུ་ཏཱ་ནེ་དང་གྲོས་མོལ་བྱས། ཀུའུ་ཐི་ལོས་སི་ཡིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་གི་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས། འགྲོ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན་ཟེར། ཀུའུ་ཐི་ལོས་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་རག་གི་ཁོར་ཡུག་འགྲན་རྩོད་ཐག་གཅོད་བྱེད་པ་དང་། དཔལ་འབྱོར་སྣ་མང་ཅན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། སུའུ་ཏཱ་ནེ་ཡིས་བསྟན་དོན། དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔལ་འབྱོར་བཅོས་བསྒྱུར་དང་རུལ་སུངས་ལ་ཆམ་ཕབ་གཏོང་བ། ནམ་ཟླའི་འགྱུར་ལྡོག་གནད་དོན་སོགས་ཐད་ནས་རྒྱབ་སྐྱོར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།
འདི་ནི་ཀུའུ་ཐི་ལོས་སི་ཡིས་ལོ་ངོ་དྲུག་གི་རིང་ཐོག་དང་པོར་དབྱི་རག་ཏུ་ཐོག་དང་པོར་འཚམས་འདྲི་བྱས་པ་ཡིན་ལ། ཁོས་ཐེངས་སྔོན་མར་དབྱི་རག་ཏུ་འཚམས་འདྲི་བྱས་པ་ནི་ཉིས་སྟོང་བཅུ་བདུན་ལོ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།