མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཐོ་རིམ་གྲོས་ཚོགས་བསྡུས་ནས་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས། 
2023.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་གཉིས་པའི་ཚེས་ཉེ་བརྒྱད་ཉིན་དང་ཟླ་གསུམ་པའི་ཚེས་གཅིག་ཉིན་བསྟུད་མར་ཉིན་གཉིས་ལ་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། འཕེལ་རྒྱས་དབང་ཆའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ནས་ལོ་ངོ་སོ་ལྔ་འགོར་བར་རྗེས་དྲན་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ན་མུའུ་ཧན་མའོ་ཏི་ཡིས་ཚོགས་ཐོག་ནས་བསྟན་དོན། བསྒྲགས་གཏམ་ལས་མི་ནི་འཕེལ་རྒྱས་ཀྱི་སྐུལ་འདེད་གཏོང་མཁན་དང་ཆེས་མཇུག་མཐའི་ཁེ་ཕན་མྱོང་མཁན་ཡིན་པའི་གོ་གནས་གཙོ་བོ་ནན་བཤད་བྱས་ཡོད་པ་དང་། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དེ་མི་ཚང་མ་ཟབ་ཞུགས་བྱས་པའི་གནས་ཚུལ་འོག་ད་གཟོད་མངོན་འགྱུར་བྱེད་ཐུབ། ཡིད་འཕང་བ་ཞིག་ནི་འཕེལ་རྒྱས་དབང་ཆ་དེ་འགྲོ་མིའི་ཐོབ་ཐང་གི་ནང་དོན་ཞིག་ཡིན་པའི་ཆ་ནས་དུས་གཏན་དུ་རྒྱ་ཆེར་ཁས་ལེན་ཐོབ་མེད། ད་ལྟ་འཕེལ་རྒྱས་དབང་ཆ་དེ་འགྲོ་མིའི་ཐོབ་ཐང་གཞན་པ་ལྟར་དུ་གལ་ཆེ་བའི་འགྲོ་མིའི་ཐོབ་ཐང་གི་ནང་དོན་ཞིག་ཡིན་པར་ཁས་ལེན་པའི་དུས་ལ་བབས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མིག་སྔར་ཉིས་སྟོང་ཉེར་གསུམ་ལོའི་གྲོས་རིམ་གྱིས་ཁེབས་པའི་ལོ་བཅོ་ལྔའི་ཡུན་ཚད་ཀྱི་ཕྱེད་ཀ་འདས་ཡོད་ཀྱང་། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དེའི་འཕེལ་རིམ་མ་གཞིའི་རྒྱུ་ལམ་ལས་རིང་དུ་བརྒལ་ཡོད། ད་ལོའི་ཟླ་དགུ་བར་སྤེལ་རྒྱུ་ཡིན་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་མཐོ་རིམ་གྲོས་ཚོགས་ནས་འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་འཕེལ་རགྱས་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་གལ་ཆེན་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་པའི་རེ་བ་ཡོད་ཟེར། 

ཨ་སེ་པེད་ཅང་གི་ཕྱི་འབྲེལ་བློན་ཆེན་པཱ་དབྱེ་ལཱ་མའོ་ཧྥུའུ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། བསྒྲགས་གཏམ་ལས་འཕེལ་རྒྱས་དབང་ཆ་དེ་འགྲོ་མིའི་ཐོབ་ཐང་གི་ནང་དོན་ཞིག་ཏུ་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་གཞུང་སྒྲུབ་ཁང་གིས་འཕེལ་རྒྱས་དབང་ཆ་དེ་སྔར་ལས་རྒྱ་ཆེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལག་ནང་བཞག་སྟེ་ཟོལ་མེད་ཀྱིས་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་གནས་འགྲོ་མིའི་ཐོབ་ཐང་དེ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་འཆར་འགོད་ཁང་གི་མགོ་བ་ཧྲི་ཐེ་ནཱ་ཡིས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། འཕེལ་རྒྱས་དབང་ཆ་དང་མིའི་རིགས་འཕེལ་རྒྱས་ལ་འབྲལ་ཐབས་མེད་ཅིང་། མ་དངུལ་ཡོང་ཁུངས་གསར་འབྱེད་བྱེད་པ་ནི་འཕེལ་རྒྱས་དབང་ཆར་འགན་སྲུང་བྱེད་པའི་གནད་འགག་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀི་ལིན་ཕན་གྱིས་བསྟན་དོན། འཕེལ་རྒྱས་དབང་ཆ་ནི་གཞུང་ལུགས་ཀྱི་མཚན་ཉིད་ཙམ་མ་ཡིན་པར། མིའི་རིགས་ཀྱི་ཡོངས་ཁྱབ་བདེན་ལུགས་ཀྱི་ངོས་འཛིན་ཡིན་ལ། འགུལ་སྐྱོད་ཀྱི་འབོད་བརྡ་ཞིག་ཀྱང་ཡིན། འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་གནད་འགག་ནི་མི་ཚང་མ་དབུལ་ཕོངས་དང་ལྟོགས་སྐོམ། ནད་ཡམས། གནོན་ཤུགས་བཅས་མི་ཐེབས་པར་ལ་རྒྱའི་སྒོ་ནས་འཚོ་བ་རོལ་བའི་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་དགོས་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚོགས་ཐོག་ནས་བསྟན་དོན། བསྒྲགས་གཏམ་ལས་གསལ་བོར་བསྟན་དོན། མི་དམངས་ཟབ་ཞུགས་བྱེད་པ་དེ་འཕེལ་རྒྱས་དབང་ཆ་ཁྱད་པར་དུ་བདེ་ཐང་དབང་ཆ་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ། འཕེལ་རྒྱས་དབང་ཆ་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་ཆེད། རྒྱལ་ཁབ་སོ་སོས་ཕན་ཚུན་མཉམ་ལས་བྱེད་པའི་འོས་འགན་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།