མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་དང་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་སྤེལ་བའི་སྙན་ཞུ་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར། འཛམ་གླིང་ཡོངས་སུ་ལོ་བཅོ་ལྔའི་མན་གྱི་བྱིས་པར་གནད་འགག་གི་སྤྱི་ཚོགས་སྲུང་སྐྱོབ་ཐོབ་ཐུབ་མེད་པའི་མི་གྲངས་བྱེ་བ་ལྔ་གསར་དུ་འཕར་ནས། མི་ཚོགས་དེའི་སྤྱི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དྲུག་ཏུ་འཕར་ཡོད། དེའི་ནང་གཙོ་བོ་ཆད་པའི་སྤྱི་ཚོགས་སྲུང་སྐྱོབ་ནི་ལག་སྒོར་དང་དཔྱ་ཁྲལ་མེད་པར་གཏོང་བའི་ཐབས་ཀྱིས་རྩིས་སྤྲོད་བྱས་པའི་བྱིས་པའི་ཕན་བདེ་རེད་ཟེར།
བྱིས་པ་དུང་ཕྱུར་མང་བོར་དགོས་གལ་ཆེ་བ་སྟེ་བྱིས་པའི་ཆེད་དུ་ཡོངས་ཁྱབ་ཀྱི་སྤྱི་ཚོགས་འགན་སྲུང་འཛུགས་དགོས་ཞེས་པའི་སྙན་ཞུ་དེ་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་བྱིས་པ་དང་ཁྱིམ་ཚང་ཕན་བདེའི་ཁེབས་ཚད་ཇེ་དམའ་རུ་སོང་བའམ་མཚམས་བཞག་ཡོད། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་ནས། ཁེབས་ཚད་བརྒྱ་ཆའི་ང་གཅིག་ནས་བརྒྱ་ཆའི་ཞེ་གཉིས་སུ་ཇེ་དམའ་རུ་སོང་ཡོད། ས་ཁུལ་གཞན་པ་མང་བོར་ཁེབས་ཚད་མཚམས་བཞག་ཡོད་པའི་སྣང་ཚུལ་བྱུང་ཡོད། ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ། ཨེ་ཤ་ཡཱ་དབུས་མ་དང་ལྷོ་མ། ཨེ་ཤ་ཡཱ་ཤར་མ། ཨེ་ཤ་ཡཱ་ཤར་ལྷོ། སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་། དེ་མིན་ཨེ་ཤ་ཡཱ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མ་བཅས་ཀྱི་ཁེབས་ཚད་སོ་སོར་བརྒྱ་ཆའི་ཉེར་གཅིག་དང་བརྒྱ་ཆའི་བཅུ་བཞི། བརྒྱ་ཆའི་བཅུ་གཅིག བརྒྱ་ཆའི་ཉེར་བརྒྱད་བཅས་རེད་ཟེར།
སྙན་ཞུ་ལས་ནན་གྱིས་བསྟན་དོན། གལ་ཏེ་སྤྱི་ཚོགས་སྲུང་སྐྱོབ་འདོན་སྤྲོད་བྱེད་མ་ཐུབ་ན། བྱིས་པར་དབུལ་ཕོངས་དང་ནད་ཡམས། སློབ་ཤོར། འཚོ་བཅུད་མི་འདང་བ་སོགས་ཀྱི་གནོད་པ་ཐེབས་སྲིད་པར་མ་ཟད། བྱིས་པ་གཉེན་སྒྲིག་བྱེད་པ་དང་བྱིས་པའི་ལས་བཟོ་བ་ཇེ་མང་དུ་འགྲོ་བའི་ཉེན་ཁ་འབྱུང་སྲིད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ་དང་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱིས་སྲིད་ཇུས་གཏན་འབེབས་མཁན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་ནས་བྱིས་པ་ཚང་མར་ཡོངས་ཁྱབ་ཏུ་སྤྱི་ཚོགས་སྲུང་སྐྱོབ་ཐོབ་པ་མངོན་འགྱུར་བྱེད་དགོས་པའི་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།