རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 
2023.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཚོགས་ཡུན་ཉིན་གཉིས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས་གཉིས་ཉིན་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་གྲོལ། གྲོས་ཚོགས་ནས་ཀྲུའུ་ཞིའི་སྤྱི་བསྡོམས་དང་གྲུབ་འབྲས་ཡིག་ཆ་སྤེལ་ཏེ། མཉམ་ལས་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་བྱས་ནས་མཉམ་དུ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡིག་ཆ་ལས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ཕྱོགས་སོ་སོའི་འགྲན་རྩོད་ལ་འཕྲད་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ནས་འཕེལ་རྒྱས་དལ་བ་དང་། ནམ་ཟླའི་འགྱུར་ལྡོག་དང་སྦགས་བཙོག དཔལ་འབྱོར་འཕེལ་རྒྱས་དལ་བ། བུ་ལོན་གྱི་དཀའ་ཁག རིམས་ནད་རྗེས་ཀྱི་སླར་གསོ་དོ་མཉམ་མིན་པ། དབུལ་ཕོངས་དང་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བ། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ཀྱི་འཇིགས་ཉེན། འཛམ་གླིང་ཡོངས་ཀྱི་མཁོ་འདོན་གྱི་མུ་རྒྱུན་ཆད་པ། དེ་མིན་ས་ཁུལ་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་དང་འཁྲུག་རྩོད་ཇེ་མང་དུ་འགྲོ་བ་སོགས་འདུས་ཡོད་ཟེར། 

རྒྱ་གར་ནི་ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་ཞིང་། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ལ་བརྙན་རིས་གཏམ་བཤད་སྤེལ་ཏེ་བསྟན་དོན། འཛམ་གླིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཕར་སྣོན་དང་འཕེལ་རྒྱས། དཔལ་འབྱོར་འཕེལ་འགྱུར། དངུལ་གཏོང་གཏན་འཇགས། དེ་མིན་འབྲུ་རིགས་དང་ནུས་ཁུངས་ཀྱི་བདེ་འཇགས་སོགས་ཐད་ཀྱི་འགྲན་རྩོད་ཐག་གཅོད་བྱས་ནས། མིག་སྔའི་ས་ཁུལ་བར་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་ཐུབ་པར་རེ་བཞིན་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།