མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཟླ་གསུམ་པའི་ཚེས་གཅིག་ཉིན་སྤེལ་བའི་འཛམ་གླིང་ཡོངས་ཀྱི་བདེ་ཐང་བཟའ་བཅའི་དམིགས་ཚད་ལས་མངོན་པ་ལྟར་ན། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་མི་རྣམས་ཀྱིས་ཁུར་དུ་ལེན་དགོས་པའི་བདེ་ཐང་བཟའ་བཅའི་མ་རྩ་འཛམ་གླིང་ཡོངས་ཀྱི་ཆེས་མཐོན་པོ་ཡིན་ལ། ཨེ་ཤ་ཡཱ་དེའི་རྗེས་མ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོར་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་བདེ་ཐང་བཟའ་བཅའི་མ་རྩ་མི་རེར་ཉིན་རེར་མེ་སྒོར་གསུམ་དང་ཟུར་བརྒྱད་སྐར་དགུ་ཡིན་པ་དང་། ཨེ་ཤ་ཡཱ་ནི་མེ་སྒོར་གསུམ་དང་ཟུར་བདུན་སྐར་གཉིས་རེད། ཨ་ཧྥེ་རི་ཁ་གླིང་དང་མེ་གླིང་བྱང་མ། ཡོ་རོབ་གླིང། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་གླིང་བཅས་ནི་སོ་སོར་མེ་སྒོར་གསུམ་དང་ཟུར་བཞི་སྐར་དྲུག་དང་། མེ་སྒོར་གསུམ་དང་ཟུར་གཅིག་སྐར་དགུ། མེ་སྒོར་གསུམ་དང་སྐར་བདུན་བཅས་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། བདེ་ཐང་བཟའ་བཅའ་ལོངས་སུ་སྤྱོད་ཐབས་མེད་པའི་མི་གྲངས་ཀྱི་བསྡུར་ཚད་འཛམ་གླིང་ཡོངས་ཀྱི་ཁྱབ་ཚད་དོ་མཉམ་མ་ཡིན། གཞི་གྲངས་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་ཁྲོད། དུས་བཅད་ལྟར་བདེ་ཐང་བཟའ་བཅའ་ལ་འགན་ཁུར་ཐབས་མེད་པའི་མི་གྲངས་ཀྱི་བསྡུར་ཚད་ཕྱེད་ཀ་ལས་བརྒལ་བའི་རྒྱལ་ཁབ་ང་གསུམ་ཡོད་པ་དང་། བསྡུར་ཚད་དེ་ལས་བརྒྱ་ཆའི་གཅིག་གིས་དམའ་བའི་རྒྱལ་ཁབ་ཉེར་དྲུག་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་འཚོ་བཅུད་ཟི་ཡི་ཟི་ཀྲང་ནོའུ་དབྱེ་ཧྥེ་ཨར་ཏི་ཡིས་བཤད་རྒྱུར། བདེ་ཐང་བཟའ་བཅའི་མ་རྩ་དང་ཁག་ཁུར་ཐུབ་པའི་གནས་ཚུལ་ལ་དོ་སྣང་བྱས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྒྱལ་ཁབ་སོ་སོས་སྲིད་ཇུས་གཏན་འབེབས་བྱེད་པར་མཛུབ་སྟོན་བྱས་ཏེ། སྔར་ལས་མང་བའི་མིས་བདེ་ཐང་བཟའ་བཅའ་ལ་ཁག་ཁུར་བྱེད་ཐུབ་པར་ཕན་ཐོགས་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་བཅས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོས་ན་ནིང་སྤེལ་བའི་མཉམ་འབྲེལ་སྙན་ཞུ་ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་འཛམ་གླིང་ཡོངས་སུ་མི་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་གིས་བདེ་ཐང་བཟའ་བཅའ་ལ་ཁག་ཁུར་བྱེད་ཐབས་མེད་པ་དང་། ཉིས་སྟོང་བཅུ་དགུ་ལོ་ལས་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གཉིས་ཇེ་མང་དུ་སོང་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།