ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་གྲོལ།
2023.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉིས་སྟོང་ཉེར་གསུམ་ལོའི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ལྟད་མོ་བས་སི་ཕན་གྱི་པཱ་སེ་ལོ་ནཱ་ནས་སྤེལ་བའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་སྟེང་འཕྲུལ་སྣང་དངོས་ཡོད་ཀྱི་མིག་ཤེལ་མྱོང་རོལ་བྱེད་བཞིན་པ།

ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་ཚེས་གཉིས་ཉིན་སི་ཕན་གྱི་པཱ་སེ་ལོ་ནཱ་ནས་གྲོལ། འགྲེམ་སྟོན་ཚོགས་ཆེན་གྱི་གཞི་རྒྱ་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་རྗེས་སླར་གསོ་འབྱུང་ཅི་ཐུབ་བྱས་ཡོད།

ཚོགས་ཆེན་གཙོ་སྒྲུབ་བྱེད་མཁན་གྱིས་འཛམ་གླིང་ཡོངས་ཀྱི་སྤོ་སྒུལ་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཡའོ་ཧན་ཧའོ་ཧྥུའུ་མན་གྱིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་ལས་བསྟན་དོན། པཱ་སེ་ལོ་ནཱའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་གྱི་གཞི་རྒྱ་གང་ནུས་ཀྱིས་སླར་གསོ་བྱེད་ཅི་ཐུབ་བྱས་ཡོད་ཅིང་། མཉམ་ལས་གྲོགས་པོ་དང་ཁེ་ལས། སྲིད་ཇུས་གཏན་འབེབས་མཁན་གྱིས་སྐབས་འདིའི་ཚོགས་ཆེན་གྱི་རྒྱབ་སྐྱོར་ཆུ་ཚད་སྔོན་དཔག་ལས་བརྒལ་ཡོད་པ་དང་། འགྲེམ་སྟོན་ལ་ཞུགས་པའི་ཚོང་བ་དང་མཉམ་ལས་གྲོགས་པོས་ཕྱིར་ལྡོག་བྱས་པའི་ཚོགས་ཆེན་གྱི་ནང་དོན་དེ་སྔོན་གྱི་རེ་བཞག་གི་ཚད་ལས་བརྒལ་ཡོད་ལ། གནས་ཚུལ་ལ་ལའི་འོག་ཏུ་ཐ་ན་ཉིས་སྟོང་བཅུ་དགུ་ལས་བརྒལ་ཡོད་ཟེར།

འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་མ་ལག་མཐུན་ཚོགས་ཀྱིས་ཚེས་གཉིས་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཉིས་བརྒྱ་དང་གཉིས་ནས་ཡོང་བའི་མི་ཁྲི་བརྒྱད་དང་སྟོང་བརྒྱད་ལྷག་ཐེངས་འདིའི་ཚོགས་ཡུན་ཉིན་བཞི་ཡིན་པའི་འགྲེམ་སྟོན་ལ་ཞུགས་པ་དང་། ཁེ་ལས་སྟོང་གཉིས་དང་བཞི་བརྒྱ་ལྷག་ཞུགས་ཡོད་ལ། དེའི་ནང་འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་བརྒྱ་དང་ལྔ་བཅུ་ཙམ་ཀྲུང་གོ་ནས་ཡོང་བ་རེད།

ཚོགས་ཆེན་སྐབས་སུ་ད་རུང་ཉིས་སྟོང་ཉེར་གསུམ་ལོའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་གི་བྱ་དགའ་ཆེན་མོ་ཁྱབ་བསྒྲགས་བྱས། ཁྱབ་བསྒྲགས་བྱས་པའི་བྱ་དགའ་ཉི་ཤུ་ལྷག་གི་ཁྲོད། ཀྲུང་གོའི་ཁེ་ལས་ཞུགས་པའི་རྣམ་གྲངས་ལ་བསྡོམས་པས་བྱ་དགའ་བདུན་ཐོབ་ཡོད། ཆེས་ཕུལ་དུ་བྱུང་བའི་སྤོ་སྒུལ་དྲ་རྒྱའི་རྨང་གཞིའི་སྒྲིག་ཆས་བྱ་དགའ་དང་ཆེས་ཕུལ་དུ་བྱུང་བའི་སྤོ་སྒུལ་ལག་རྩལ་གྱི་ཐོལ་བརྒལ་བྱ་དགའ། Gལྔ་ཐོན་ལས་མཉམ་ལས་གྲོགས་པོའི་བྱ་དགའ། མཉམ་འབྲེལ་དཔལ་འབྱོར་གྱི་ཆེས་ཕུལ་དུ་བྱུང་བའི་སྤོ་སྒུལ་གསར་གཏོད་བྱ་དགའ་སོགས་འདུས།

སྐབས་རྗེས་མའི་འཛམ་གླིང་སྤོ་སྒུལ་འཕྲིན་གཏོང་ཚོགས་ཆེན་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུའི་ཉིན་བར་པཱ་སེ་ལོ་ནཱ་ནས་ཚོགས་རྒྱུ་ཐག་བཅད་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།