ཨ་མེ་རི་ཁ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་དྷི་ལེ་གསར་བ་ནས་འབྲེལ་འདྲིས་གྲོས་མོལ་བྱས།
2023.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཚེས་གཉིས་ཉིན་དྷི་ལེ་གསར་བ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་སུ་འབྲེལ་འདྲིས་གྲོས་མོལ་བྱས། དེ་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་བའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་དང་པོར་གྲོས་མོལ་བྱས་པ་རེད།

རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་སྐར་མ་བཅུ་ཙམ་གྱི་རིང་གྲོས་མོལ་ཐུང་ངུ་བྱས་ཟེར། ཨུ་རུ་སིའི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འབྲེལ་འདྲིས་ནི་པུའུ་ལིན་ཁུན་གྱི་རེ་བ་ལྟར་སྤེལ་བ་རེད་ཟེར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་དུས་རིམ་གཉིས་པའི་གྲོས་ཚོགས་ཀྱི་བར་སྟོང་ནས། ལཱ་ཧྥུའུ་ལོ་ཧྥུའུ་དང་པུའུ་ལིན་ཁུན་གྱིས་ལངས་བསྡད་དེ་གྲོས་མོལ་བྱས་པ་ལས། ཕྱོགས་གཉིས་ཀྱིས་ངེས་པ་དོན་གྱི་གྲོས་མོལ་བྱས་མེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲ་ཚིགས་ཀྱིས་ཚེས་གཉིས་ཉིན་པུའུ་ལིན་ཁུན་གྱིས་དྷི་ལེ་གསར་བ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གི་གཏམ་བཤད་སྤེལ་བ་དང་། དེའི་ནང་ཁོས་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་བཏོན་པའི་ནང་དོན་གསུམ་འདུས་ཡོད། དམིགས་བསལ་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་ནས་ཕྱི་འབྲེལ་གྱི་གྲོས་མོལ་མགོ་རྩོམ་དགོས་པ་དང་། འཐབ་ཇུས་མཚོན་ཆ་མེད་པར་གཏོང་བའི་ཆིངས་ཡིག་གསར་བ་ཡང་བསྐྱར་ལག་བསྟར་བྱེད་པ། ཨུ་རུ་སི་ནས་གསང་མྱུལ་བའི་ཉེས་མིང་གིས་ཁྲིམས་གཅོད་བྱས་པའི་ཨ་མེ་རི་ཁསི་སྔོན་ཆད་ཀྱི་མཚོ་དམག་སྐམ་འཐབ་རུ་ཁག་གི་རུ་མི་པའོ་ལོ་ཧོས་ལན་བཙོན་གྲོལ་གཏོང་བ་བཅས་རེད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་གཉིས་ཉིན་ས་དེའི་བརྙན་འཕྲིན་ཁང་གི་ཐད་གཏོང་ལེ་ཚན་ནང་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་སུ་པུའུ་ལིན་ཁུན་དང་དུས་ཡུན་ཐུང་ངུའི་གྲོས་མོལ་བྱས་པ་དང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཁོའི་ནམ་རྒྱུན་གྱི་བྱེད་ཐབས་ལྟར་ཕྱི་འབྲེལ་གྱི་ཁ་ཚིག་བཀོལ་ནས་ཨ་མེ་རི་ཁ་ཕྱོགས་ཀྱིས་བཏོན་པའི་གྲོས་གཞི་སོ་སོ་ཁས་ལེན་མ་བྱས་པ་རེད་ཟེར།

ཀྲ་ཧཱ་ལོ་ཝ་ཡིས་ཚེས་གསུམ་ཉིན་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། པུའུ་ལིན་ཁུན་གྱིས་སྔོན་ཆད་པའོ་ལོ་ཧོས་ལན་གྱི་གནད་དོན་གླེང་མྱོང་བ་ཁས་ལེན་མ་བྱས། ཁོ་མོས་བཤད་རྒྱུར། ཁོ་མོས་ལཱ་ཧྥུའུ་ལོ་ཧྥུའུ་ལ་དོན་དེ་གླེང་ཡོད་པ་དང་། པུའུ་ལིན་ཁུན་གྱིས་གྲོས་མོལ་བྱེད་སྐབས་དོན་དེ་གཏན་ནས་གླེང་མེད་ལ། ཨ་མེ་རི་ཁའི་འབྲེལ་ཡོད་བཤད་ཚུལ་དེ་ཚང་མ་རྫུན་གཏམ་ཡིན་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གི་བྱ་སྤྱོད་དེར་ཀུན་གྱིས་ཡིད་ཆེས་ཐབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།