འཇར་མན་གྱི་མའོ་ཁི་སྡེ་ཚོགས་ཀྱི་ཏུང་ཧྲི་ཚོགས་པའི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་གཅིག་ལྕོགས་སུ་ཁུར་མཁན་ཅཱ་ལི་ཧའོ་ཡིས་ཚེས་གཉིས་ཉིན་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོའི་སྡེ་ཚོགས་ཀྱི་ཕྱིར་འཚོང་གི་ཚད་ལས་ཡང་བསྐྱར་ཆེས་མཐོའི་ཟིན་ཐོ་བསྐྲུན་ཡོད། ཀྲུང་གོ་ནི་མའོ་ཁིའི་འཛམ་གླིང་ཡོངས་ཀྱི་ཚོང་ར་ཆེན་མོ་ཨང་གཉིས་པ་ཡིན་པ་དང་འཕར་ཚད་ཆེས་མགྱོགས་པའི་ཚོང་ར་ཡིན་ལ། སྡེ་ཚོགས་དེའི་ཀྲུང་གོའི་བྱེད་སྒོ་བསྟུད་མར་འཕར་བཞིན་ཡོད་ཟེར།
མའོ་ཁི་སྡེ་ཚོགས་ཀྱིས་ཉིན་དེར་འཇར་མན་གྱི་ཏཱ་མུའུ་ཧྲི་ཐཱ་ཐི་གྲོང་ཁྱེར་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་ཉིས་སྟོང་ཉེར་གཉིས་ལོའི་གྲུབ་འབྲས་སྙན་ཞུ་སྤེལ། སྙན་ཞུ་ལས་མངོན་པ་ལྟར་ན། ན་ནིང་སྡེ་ཚོགས་དེའི་ཕྱིར་འཚོང་གི་ཚད་ཁོ་ནའི་འཕར་ཚད་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་དགུ་ནས་ཡོ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་གཉིས་ཡིན་པ་རེད།
ཅཱ་ལི་ཧའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་བྱེད་ཐབས་དང་དཔལ་འབྱོར་འཕར་ཚད་ཀྱིས་མའོ་ཁི་ལ་འཕེལ་རྒྱས་གོ་སྐབས་གལ་ཆེན་བསྩལ་ཡོད། མའོ་ཁི་ཡིས་ཀྲུང་གོ་ནས་བྱེད་སྒོའི་ཁྱབ་ཁོངས་སོ་སོའི་ཡན་ལག་ལས་ཁུངས་གཙོ་བོ་བཙུགས་ཡོད་པ་དང་། ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་ཐོན་སྐྱེད་བཟོ་སྐྲུན་རྟེན་གཞི་བཙུགས་ཡོད་ཟེར།
ན་ནིང་ཟླ་བཅུ་གཅིག་པར། ཅཱ་ལི་ཧའོ་ཁེ་ལས་འཐུས་ཚབ་ཚོགས་པའི་ཁོངས་མིའི་ཐོབ་ཐང་གིས་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་བ་རེད། ཁོ་མོས་བཤད་རྒྱུར། ཀྲུང་གོ་ནི་མའོ་ཁིའི་འཛམ་གླིང་ཡོངས་ཀྱི་ཚོང་ར་ཨང་གཉིས་པ་དང་འཕེལ་རྒྱས་མྱུར་ཚད་ཆེས་མགྱོགས་པའི་ཚོང་ར་ཡིན་ལ། མའོ་ཁི་ཡིས་ཀྲུང་གོ་དང་འབྲལ་བར་བསམ་བློ་གཏོང་མི་སྲིད་ལ། ཁོ་མོ་ཀྲུང་གོའི་བར་གྱི་རྒྱུན་མཐུད་འཕར་སྣོན་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
ཅཱ་ལི་ཧའོ་ཡིས་ད་རུང་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར་འགྲན་རྩོད་ཀྱིས་ཁེངས་ཡོད་ཀྱང་། སྡེ་ཚོགས་ཀྱི་ཕྱིར་ཚོང་ཁོ་ནའི་ཚད་སྔར་ལས་འཕར་སྣོན་བྱུང་ནས། ཉིས་སྟོང་ཉེར་ལྔ་ལོར་ཡོ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔར་བསླེབས་པ་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།