ཁོ་ཐེ་ཏི་ཝོར་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁོ་ཐེ་ཏི་ཝོར་ནས་སྤེལ།
2023.03.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཁོ་ཐེ་ཏི་ཝོར་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་སྣེ་ལེན་ཚོགས་འདུ་ཚེས་གཉིས་ཉིན་གྱི་དགོང་མོར་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པུས་རང་ནས་སྤེལ། ཁོ་ཐེ་ཏི་ཝོར་གྱི་ཙུང་ལི་ཕཱ་ཐི་ལི་ཁི་ཨ་ཞེ་དང་། རྒྱལ་སྲིད་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན། ཨ་ཧྥེ་རི་ཁ་གླིང་གཞི་གཅིག་ཅན་དང་ཕྱི་སྡོད་རང་མིའི་ལས་དོན་པུའུ་ཀྲང་ཁཱ་མཱ་ལཱ། ཁོ་ཐེ་ཏི་ཝོར་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོའི་གནས་སྐབས་ཚབ་བསྒྲུབ་པ་ཀྲོའུ་ཁང་ཉིང་བཅས་སྣེ་ལེན་ཚོགས་འདུར་ཞུགས།

ཁཱ་མཱ་ལཱ་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཁོ་ཐེ་ཏི་ཝོར་དང་ཀྲུང་གོའི་འབྲེལ་བ་དེ་གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོར་འབྲེལ་བ་བཙུགས་པའི་ཚུན་ལ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་མང་དུ་སོང་བ་དང་། དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད་ལ། མི་གཞུང་བརྗེ་རེས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས་གཉིས་ཕན་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཁོ་ཐེ་ཏི་ཝོར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཕྱོགས་བར་ལག་རྡང་སྦྲེལ་ནས་མཉམ་དུ་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་བཏང་བའམ་རྒྱ་བསྐྱེད་དེ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱས་ནས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་རམ་འདེགས་བྱེད་འདོད་ཡོད་ཟེར།

ཀྲོའུ་ཁང་ཉིང་གིས་བསྟན་དོན། ལོ་ངོ་བཞི་བཅུའི་རིང་ལ། ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་སྟེ། སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་ལོ་རྒྱུས་རིག་གནས་མི་འདྲ་བའི་རྒྱལ་ཁབ་བར་ཞི་བདེ་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ཐེ་ཏི་ཝོར་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་མོལ་མཛད་པའི་ཐུན་མོང་ལྟ་ཚུལ་མཛུབ་སྟོན་དུ་བྱས་ཤིང་། ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་བའི་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་བྱས་རྗེས་སྔར་ལས་གལ་ཆེན་འཇོག་འདོད་ཡོད་ཟེར།

ཀྲོའུ་ཁང་ཉིང་དང་ཁོ་ཐེ་ཏི་ཝོར་ཕྱོགས་ཀྱི་འཐུས་མི་དག་ད་རུང་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་མཛའ་མཐུན་མཉམ་ལས་ཀྱི་པར་རིས་འགྲེམ་སྟོན་ལ་ཞུགས་པ་དང་། ཁོ་ཐེ་ཏི་ཝོར་ཕྱོགས་ཀྱི་འཐུས་མིས་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་གྱི་མཉམ་ལས་གྲུབ་འབྲས་ལས་གདེང་འཇོག་ཚད་མཐོན་པོ་བྱས། ཁོ་ཐེ་ཏི་ཝོར་གྱི་རྒྱལ་བཙུགས་མཐོ་རིམ་སྒྱུ་རྩལ་རིག་གནས་སློབ་གླིང་དང་ཡའོ་ཕུའུ་ཀུང་ས་ཁུལ་གྱི་བུད་མེད་དེང་རབས་སློབ་འབྲིང་སོགས་ཀྱི་དགེ་སློབ་དག་གིས་ཡུལ་དངོས་ནས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་གླུ་གཞས་འཁྲབ་སྟོན་དང་འཁྲབ་ལེན་བྱས་པར་མ་ཟད། ཀྲ་ཝུའུ་ལེ་ཞབས་བྲོའི་ཚོགས་པ་དང་ཁོ་ཐེ་ཏི་ཝོར་གྱི་རྩྭ་འབུ་ཀ་ལའི་དྲག་རྩལ་མཐུན་ཚོགས་ཀྱིས་ཁོ་ཐེ་ཏི་ཝོར་གྱི་སྲོལ་རགྱུན་ཞབས་བྲོ་དང་ཀྲུང་གོའི་དྲག་རྩལ་འཁྲབ་སྟོན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།