རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་དབྱི་ལིང་དུ་འཚམས་འདྲི་བྱས་ཏེ། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་སོགས་དབྱི་ལིང་གི་མཐོ་རིམ་དཔོན་རིགས་དང་གྲོས་མོལ་བྱས་ནས། ཕྱོགས་གཉིས་ཀྱིས་འབྲེལ་བར་ཤུགས་སྣོན་པའི་རེ་འདོན་བསྟན།
ལའེ་ཞེ་ཡིས་ཀི་ལོ་ཞི་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་དབྱི་ལིང་དུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས་དེ་ལས་དབྱི་ལིང་གིས་ལས་ཁུངས་དེའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་ལས་བྱེད་པའི་རེ་འདུན་དྲག་པོ་ཡོད་པ་མཚོན་ཡོད་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཆེད་ལས་རང་བཞིན་གྱི་བསམ་འཆར་བཏོན་ནས་བཙན་དབང་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།
ཀི་ལོ་ཞི་ཡིས་ཉིན་དེར་དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་སི་ལཱ་མུས་དང་གྲོས་མོལ་བྱས་པར་མ་ཟད་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། དབྱེ་སི་ལཱ་མུས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གིས་ཉིང་རྡུལ་གྱི་འདུས་ཚད་བརྒྱ་ཆའི་དྲུག་ཅུའི་ཡན་ལ་ཇེ་མཐོར་བཏང་མེད། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དེའི་སྔོན་སྙན་ཞུ་བྱས་པའི་འདུས་ཚད་བརྒྱ་ཆའི་གྱ་བཞི་ཡིན་པར་བརྗོད་པ་དེ་ཉིང་རྡུལ་རིལ་བུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་སྙན་ཞུ་བྱས་མེད་པའི་གནས་གསུམ་ནས་ཉིང་རྡུལ་ནུས་པའི་རྗེས་ཤུལ་རྙེད་པར་བརྗོད་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན་བཀོད་ཡོད།
ཀི་ལོ་ཞི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་དང་མཉམ་དུ་གཏིང་ཟབ་ཅིང་ནན་ཏན་དང་མ་ལག་ལྡན་པའི་གྲོས་མོལ་ཞིག་བྱེད་པའི་དགོས་པ་ཡོད་ལ། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་བསྡུར་ལ་བརྟེན་ནས་གྲོས་མཐུན་བཟང་བོ་འགོད་པ་དང་། གྲོས་མཐུན་གལ་ཆེན་འགོད་པའི་ཐད་རྨང་འདིང་དགོས་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དེ་དུས་ནམ་ཡིན་ཡང་ཆབ་སྲིད་ཀྱི་ཡོ་བྱད་དུ་གྱུར་མྱོང་མེད་ལ། དུས་གཏན་དུ་གཞན་གྱིས་བེད་སྤྱོད་བྱེད་མི་སྲིད་ཟེར།
དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཉིན་དེར་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ཀི་ལོ་ཞི་ཡིས་དབྱི་ལིང་དུ་འཚམས་འདྲི་བྱེད་སྐབས་ཐུན་མོང་གི་ལྟ་ཚུལ་གསུམ་བཀོད་ཡོད་དེ། གཅིག་ནི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གི་མཉམ་འབྲེལ་ལས་མཉམ་ལས་སྙིང་སྟོབས་ལ་དམིགས་ཤིང་ཕྱོགས་ཡོངས་ནས་གྲོས་ཆོད་ལ་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་། ལས་ཁུངས་དེའི་ཚད་བཀག་དང་དབྱི་ལིང་གི་ཁེ་དབང་དང་འོས་འགན་བཅས་གཞིར་འཛིན་དགོས་པ་དང་། གཉིས་ནས་དབྱི་ལིང་གིས་སྙན་ཞུ་བྱས་མེད་པའི་ས་ཁུལ་གསུམ་གྱི་ཐག་གཅོད་ཐོབ་མེད་པའི་འབྲེལ་ཡོད་གནད་དོན་གྱི་འགན་སྲུང་ཐད་ནས་མུ་མཐུད་དུ་མཉམ་ལས་བྱས་ཏེ། སྔར་ལས་ལྷག་པའི་བརྡ་འཕྲིན་དང་འཚམས་འདྲི་དབང་ཚད་འདོན་སྤྲོད་བྱེད་པ། གསུམ་ནས་དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འོས་འཚམ་གྱི་ཉིང་རྡུལ་ཞིབ་བཤེར་དང་ལྟ་རྟོག་བྱ་འགུལ་སྤེལ་བར་ཆོག་མཆན་ཐོབ་ཡོད། ཕྱོགས་གཉིས་ཀྱིས་མི་འགྱངས་པར་ཏི་ཧེ་ལན་ནས་སྤེལ་རྒྱུ་ཡིན་པའི་ལག་རྩལ་གྲོས་ཚོགས་སྟེང་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད།
ཀི་ལོ་ཞི་ཡིས་ཚེས་བཞི་ཉིན་ད་རུང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།