ས་དཀྱིལ་མཚོ་འགྲམ་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ལྔའི་ནང་སྲིད་བློན་ཆེན་གྱིས་ཚེས་བཞི་ཉིན་མར་ཐཱ་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འདྲ་མཉམ་ངང་གནས་སྤོར་སྡོད་དམངས་ཀྱི་འགན་འཁྲི་ཁུར་དུ་བླངས་ནས། ཕན་ནུས་ལྡན་པའི་སྒོ་ནས་རྒྱུན་ལྡན་མིན་པའི་གནས་སྤོར་སྡོད་དམངས་དག་ཡོ་རོབ་གླིང་དུ་ཡོང་སའི་མདུན་གྲལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཁུར་བོ་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཉིན་དེར་མར་ཐཱ་དང་ཞི་ལཱ། དབྱི་ཐཱ་ལེ། སི་ཕན། སེ་ཕུའུ་ལུའུ་སི་བཅས་ཀྱི་ནང་སྲིད་བློན་ཆེན་གྱིས་ཚོགས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་མཇུག་སྒྲིལ་རྗེས་མཉམ་འབྲེལ་གསལ་སྒྲོག་ཅིག་བཀོད། མར་ཐཱའི་ནང་སྲིད་པུའུ་ཡིས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་དེ་ལྟར་ན། པུའུ་ཀྲང་ཚོས་ཡོ་རོབ་གླིང་མནའ་འབྲེལ་རིམ་པ་ནས་སྔར་ལས་བྱེད་ཐབས་མང་བོ་སྤྱད་དེ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད།
གསལ་སྒྲོག་ལས་བཤད་རྒྱུར། རྒྱུན་ལྡན་མིན་པའི་གནས་སྤོར་སྡོད་དམངས་ནི་ཡོ་རོབ་གླིང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་མོ་ཞིག་ཡིན་ཞིང་། གནས་སྤོར་སྡོད་དམངས་ཡོང་སའི་རྒྱལ་ཁབ་དང་རྒྱལ་ཁོངས་བརྒྱུད་པའི་རྒྱལ་ཁབ་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། ཤུགས་ཆེན་པོས་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་དབང་ཆ་མེད་པའི་རྒྱལ་ཁབ་གསུམ་པའི་སྤྱི་དམངས་དག་ཕྱིར་ལྡོག་བྱེད་དགོས། ཁོ་ཚོས་འབྲེལ་ཡོད་མཐའ་མཚམས་སྡེ་ཁག་གིས་མདུན་གྲལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་སྔར་ལས་མང་བའི་ཐོན་ཁུངས་བསྩལ་ནས། མཐའ་མཚམས་ཀྱི་སྲུང་སྐྱོབ་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་བཀོལ་དགོས་པའི་རེ་བ་ཏོན་པར་མ་ཟད། དུས་གཏན་གྱི་བཙན་ཤེད་རང་བཞིན་ལྡན་པའི་འགན་འཁྲིའི་ཁག་ཁུར་རྐྱེན་སྲོལ་ཞིག་བཙུགས་ནས་མདུན་གྲལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དོན་དངོས་དགོས་མཁོ་བསྐང་དགོས་པའི་འབོད་སྐུལ་བཏང་།
དུས་ཡུན་རིང་བོའི་ཚུན་ལ། ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བ་མང་བོ་གྲུ་གཟིངས་ལ་བསྡད་དེ་ས་དཀྱིལ་མཚོ་ཁོངས་བརྒལ་ནས་ཡོ་རོབ་གླིང་སྐམ་ས་ཆེན་མོར་ཡོང་རྩིས་བྱེད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།